ཐེངས་བཅུ་བཞི་པ་སེམས་བསྐྱེད་འབུམ་མཆོད་སྐབས་ཀྱི་ཆེད་བརྗོད་གསུང་རྩོམ།

WechatIMG846.jpeg

ཐེངས་བཅུ་བཞི་པ་སེམས་བསྐྱེད་འབུམ་མཆོད་སྐབས་སུ་གནང་བའི་ཆེད་བརྗོད་གསུང་རྩོམ་གསར་པ། 


བྱེ་བ་ཕྲག་བརྒྱའི་མཐའ་ཡས་ཞིང་ཁམས་ཀྱི་འབྱོར་བ། །

སྲིད་ཞི་ཀུན་ལ་ཁྱབ་པའི་རྣམ་མང་གི་མཆོད་སྤྲིན། །

སྣང་བ་རྟེན་འབྲེལ་སྒྱུ་མའི་ཡོ་ལང་དུ་ཤར་བས། །

ཚོགས་གཉིས་རྒྱ་མཚོའི་རླབས་ཕྲེང་གང་འདོད་དུ་བཞད་སོང་། །


ཚངས་ཆེན་བསྐལ་བར་བཀོད་པའི་ངོ་མཚར་གྱི་སྤྲིན་ཆེན། །

རྣམ་མང་སྒྱུ་འཕྲུལ་དྲྭ་བའི་འདོད་ཡོན་དུ་ཤར་བ། །

སྟོང་ཆེན་ཆོས་དབྱིངས་རྡུལ་བྲལ་ནོར་བུ་ཡི་ཁམས་ལ། །

སྣ་ཚོགས་སྣང་བའི་ཟག་མེད་མཆོད་སྤྲིན་དུ་རྣམ་སྤྲོས། །


གཡས་འཁྱིལ་རི་མོས་ལེགས་མཚན་བཀྲ་ཤིས་ཀྱི་ཆོས་དུང་། །

ངོ་མཚར་གཡང་ལ་འགུག་པའི་བཞད་སྒྲ་ཡིས་དྲངས་ཏེ། །

སྣང་བ་རྣམ་སྡུད་རྩིབས་སྟོང་འོད་རིས་སུ་འཁྱིལ་བའི། །

དཔལ་ལྡན་ཉིན་མོར་བྱེད་པའི་དགེ་མཚན་འདི་རྨད་བྱུང་། །


བདེ་མཆོག་དགའ་བ་གཡས་འཁྱིལ་ནོར་བུ་ཡི་སྤྲིན་ཆེན། །

སྲིད་ཞིའི་ལེགས་ཚོགས་སྡུད་པའི་ངོ་མཚར་གྱི་འབྲུག་སྒྲ། །

ཕུན་ཚོགས་གཡང་དུ་འཁྱིལ་བའི་བདུད་རྩི་ཡི་གྲུ་ཆར། །

མཁའ་མཉམ་ཡེ་ཤེས་སྒྱུ་མའི་རྩེད་འཇོ་རུ་རྟག་འཛོམས། །


ལྔ་ལྡན་གཞོམ་གཞིག་བྲལ་བ་སྙིང་དབུས་ཀྱི་ཐིག་ལེར། །

གཏིང་གསལ་ཤིན་ཏུ་ཕྲ་བ་འོད་ལྔ་ཡི་ཁམས་ན། །

ནུབ་མེད་དུས་ཀུན་རོལ་བའི་མཁའ་ཁྱབ་ཀྱི་ཡེ་ཤེས། །

སྐུ་ལྔ་ལྷུན་རྫོགས་རྡོ་རྗེའི་གཟི་བྱིན་གྱིས་རྟག་བརྗིད། །


འོད་ལྔའི་བཀྲག་མདངས་རང་འབར་བརྟན་གཡོ་ཡི་དྭངས་བཅུད། །

འཕོ་བྲལ་རྡོ་རྗེའི་སྲོག་གི་སྙིང་པོ་རུ་བརྟན་པ། །

སྙིང་མཛོད་དཔལ་གྱི་བེའུར་རྣམ་ཀུན་ཏུ་འཁྱིལ་བའི། །

ངོ་མཚར་ཟག་མེད་དགའ་བདེའི་དངོས་གྲུབ་ལ་དགྱེས་རོལ། །

WechatIMG824.jpeg

ཐེངས་བཅུ་བཞི་པའི་སེམས་བསྐྱེད་འབུམ་མཆོད་ཆེན་མོའི་མཇུག་གི་ཆེད་བརྗོད་གསུང་རྩོམ།


རྡུལ་བྲལ་དྲི་མ་མེད་པ་རིགས་ཁམས་ཀྱི་ནོར་བུ། །

མི་ཤིགས་རིག་སྟོང་རྡོ་རྗེའི་གཟི་བྱིན་གྱི་དཔལ་ལས། །

ལས་རླུང་སྲིད་པའི་སྣང་ཞེན་ལྷག་མེད་དུ་གཞིལ་བའི། །

ཟག་མེད་ཡིད་བཞིན་གཏེར་ལ་ངོམས་མེད་དུ་སྤྱོད་ཤོག །


ཕྱི་ཡི་ཆོས་ཅན་བདེན་མེད་སྒྱུ་མ་དང་རྨི་ལམ། །

ནང་གི་ཆོས་ཉིད་ཡུལ་མེད་ནམ་མཁའ་ལྟར་རྣམ་དག །

གསང་བ་རིག་སྟོང་འགག་མེད་རང་གསལ་དུ་ཤར་བའི། །

རང་བབས་མ་བཅོས་ཅོག་བཞག་རྗེན་པ་རུ་སྐྱོངས་ཤིག །


ཡོན་ཏན་ནོར་བུའི་མཛོད་གྱུར་ཆོས་གཏེར་གྱི་སྒོ་མོ། །

སྙིང་དབུས་ཟབ་གསང་གཞོན་ནུའི་བུམ་བཟང་ལས་བརྡོལ་བས། །

སྒྲ་དབྱངས་མི་ཟད་རྒྱལ་བའི་ཞིང་ཀུན་ཏུ་ཁྱབ་པའི། །

དགོངས་པའི་རྩལ་ཆེན་མཐོང་བའི་ཆོས་འདི་ལ་བརྙེས་ཤོག །


རིག་སྟོང་མཐའ་དབུས་བྲལ་བའི་ལྟ་བ་ཡི་གདེང་ཆེན། །

མ་བཅོས་རང་སར་བཞག་པའི་སྒོམ་པ་དང་འགྲོག་པས། །

གཞི་གྲོལ་འཁྲུལ་བ་རང་ཟད་འབྲས་མཆོག་ལ་སྦྱོར་བའི། །

ཕ་ནོར་རང་སྐལ་རྒྱན་ལ་ངོམས་མེད་དུ་བཞེས་མཛོད། །


སྲིད་པ་ཇི་སྲིད་འགྲོ་ཁམས་གནས་པ་ཡི་དེ་སྲིད། །

སྲས་བཅས་རྒྱལ་བ་དགྱེས་པའི་དགོངས་བཅུད་ཀྱི་མཛོད་ཆེན། །

རྨད་བྱུང་ཨ་ཏིའི་གསང་ལམ་འོད་གསལ་གྱི་རྫོང་ཆེན། །

མཁའ་མཉམ་ཞིང་དུ་སྤེལ་བའི་བྱེད་པོ་རུ་གྱུར་ཅིག །


ཕྱི་གསལ་སྣང་ཆའི་སྤྲོས་པ་མ་ལུས་ཀུན་ཞི་ཞིང་། །

ནང་གསལ་བདེ་ཆེན་མཆོག་གི་ཡེ་ཤེས་སུ་རྒྱས་པའི། །

གསང་བ་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་དགོངས་པ། །

ཡོངས་གྲུབ་འགྱུར་མེད་བུམ་སྐུའི་སྲོག་བཅུད་དུ་བརྟན་ཤོག །


མཁའ་ལ་ཡེ་ཤེས་འཇའ་སྤྲིན་ལང་ལོང་དུ་གཡོ་ཞིང་། །

ས་ལ་དངོས་གྲུབ་གྲུ་ཆར་ཟད་མེད་དུ་འཇོ་བཞིན། །

བར་ན་ཕུན་ཚོགས་བཀྲ་ཤིས་འབུམ་ཕྲག་ཏུ་བདལ་བས། །

ས་ཆེན་སྲིད་པ་དགེ་ལེགས་འབུམ་ཕྲག་གིས་གང་ཤོག །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།