༄༅།།རྒྱལ་བ་ཀུན་གྱི་གསང་གསུམ་སྒྱུ་མའི་འཕྲུལ། །འགྲོ་བའི་མོས་ངོར་འདྲེན་པའི་བསྐུར་བཞེངས་པ། །རྩ་བརྒྱུད་བླ་མས་བྱིན་རླབས་དངོས་གྲུབ་ཆར། །མོས་ཁམས་དགེ་བའི་ཞིང་སར་རྟག་འཇོ་ཤོག །སྔོན་བསགས་མ་དམན་དལ་འབྱོར་ལུས་རྟེན་རྙེད། །སྔོན་ལས་མ་དམན་ལས་འཕྲོ་ཆོས་ལ་སད། ལས་སྨོན་མ་དམན་མཚན་ལྡན་བླ་མ་མཇལ། །ཚེ་འདི་དོན་ལྡན་མཛོད་ཅིག་སྒྲུབ་བརྩོན་མ། །ཚེ་སྲོག་མི་རྟག་ནམ་མཁའི་གློག་དང་འདྲ། །འཇིག་རྟེན་སྣང་ཤེས་འཇའ་ཚོན་རི་མོ་བཞིན། །གང་ལ་བསམ་ཡང་སྙིང་པོ་མེད་པའི་ཚུལ། །ཤེས་ནས་ངེས་འབྱུང་བསྐྱེད་ཅིག་སྒྲུབ་བརྩོན་མ། །སྲིད་པ་ལས་ཀྱིས་བཀོད་པའི་འཁོར་བ་འདིར། །སྡུག་བསྔལ་ཁུར་གྱིས་ནོན་པའི་འགྲོ་བ་ཀུན། །འདྲེན་པའི་དཔལ་དུ་འདུན་པ་བྱང་ཆུབ་སེམས། །སྨོན་འཇུག་སེམས་མཆོག་བསྐྱེད་ཅིག་སྒྲུབ་བརྩོན་མ། །འཁྲུལ་བའི་སྣང་ཞེན་བདེན་པ་མ་བཟློག་ན། །འཁོར་བའི་གནས་ལས་གྲོལ་བའི་ཐབས་མེད་པས། །ཟབ་མོ་དབུ་ཕྱག་མཉམ་ཉིད་རྫོགས་པ་ཆེའི། །ལྟ་བའི་གནད་ལ་གཞོལ་ཞིག་སྒྲུབ་བརྩོན་མ། །དེ་ཡང་སྔོན་འགྲོ་གནད་དུ་མ་ཕྱིན་ན། །རྨང་མེད་མཁར་དང་གྱང་མེད་རི་མོ་བཞིན། །དངོས་གཞི་ཆོས་ཀྱི་གོལ་ས་མི་ཆོད་པས། །ལམ་གྱི་རིམ་པ་མ་ནོར་སྒྲུབ་བརྩོན་མ། །མདོར་ན་ཅིར་སྣང་སྣང་གྲགས་དྲན་བསམ་ཀུན། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་བ་རུ། །ཤེས་ཤིང་དག་མཉམ་ལྟ་བའི་གདེངས་ལྡན་ན། བསྐྱེད་རྫོགས་རྫོགས་ཆེན་ལམ་གནད་ཀུན་ཚང་བས། །ལྟ་སྒོམ་མཐོན་པོར་སྙེགས་ཤིག་སྒྲུབ་བརྩོན་མ། །གང་སྣང་ལྷ་དང་བླ་མའི་རོལ་བ་རུ། །འཆར་བའི་ཉམས་དང་ཐུགས་ཡིད་བསྲེ་ཤེས་ན། །འདི་ཕྱི་བར་དོའི་གདམས་པ་དེས་ཆོག་པས། །མན་ངག་གནད་དུ་དྲིལ་ཞིག་སྒྲུབ་བརྩོན་མ། །ད་རེས་ཆོས་མིན་ལོག་ལམ་མ་འཕྱན་པར། །ཆོས་ལ་སེམས་ཤིང་ཉིན་མཚན་ཆོས་ཀྱིས་འཚོ། །ཆོས་བཞིན་སྤྱོད་པ་འདི་བདེ་ཕྱི་སྐྱིད་ཕྱིར། །མི་ཚེ་ཆོས་ལ་དྲིལ་ཞིག་སྒྲུབ་བརྩོན་མ། ། ཆོས་ལ་བསྐུལ་ཞིང་སྒྲུབ་ལ་བརྩོན་པར་བསྐྱེད་པའི་གཏམ་བསྟན་འཛིན་ལུང་རྟོགས་ཉི་མས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག་གུ། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།