༄༅། །སང་དང་འཇིག་རྟེན་ཕྱི་མ་མྱུར་བུ་ལ་རྟག་པ་མངོན་སུམ་དུ་མཐོང་བ་ལ་སྐྱོ་བ་བསྐུལ་བའི་གླུ་ཞེས་བྱ་བ་བཞུགས་སོ།།
ཕ་དྲན་ཆོག་རྒྱལ་པོ་ཨུ་རྒྱན་རྗེ། །
གནས་ཟངས་མདོག་དཔལ་གྱི་རི་བོར་གཤེགས། །
མ་སྙིང་ལ་བྱམས་པའི་མཚོ་རྒྱལ་མས། །
བུ་ཤུལ་དུ་བསྒྱུར་ནས་མཁའ་སྤྱོད་འགྲིམ། །
དུས་དེ་ནས་ད་དུང་སྲིད་མཚོ་ལ། །
ལས་ཉིང་མཚམས་སྦྱར་བའི་རྣལ་འབྱོར་བར། །
ཕྱི་ལོག་སྨོན་དམ་སྲིའི་ཆོ་འཕྲུལ་དང་། །
ནང་རྩ་རླུང་འཁྲུགས་པའི་འཁུ་འཕྲིགས་སེམས། །
རྐྱེན་རྣམ་འགྱུར་སྣ་ཚོགས་ལ་སྐྱོ་ནས། །
ལམ་རོ་སྙོམས་ཆེན་པོར་ལ་བཟླ་ཚེ། །
གྲོང་སྟོད་ནས་བུ་ཆུང་ཤིའོ་ཟེར ། །
གྲོང་སྨད་ནས་རྒས་འཁོགས་ནའོ་ཟེར། །
གྲོང་དཀྱིལ་ནས་རྒྱལ་བསེན་གནོད་དོ་ཟེར། །
བརྟག་པ་དང་ཕྱིན་རླབས་དགོས་སོ་ཟེར། །
རྗེས་འཛིན་དང་བསྔོ་སྨོན་མཛད་དགོས་སྐད། །
ཁོང་རང་རང་སོ་སོའི་འདོད་པའི་དོན། །
གག་ཐུག་གི་གནས་སྐབས་ཡིན་སྙམ་ནས། །
སེམས་བསྐྱེད་དང་སྨོན་ལམ་དང་ཡང་བླངས། །
ལས་འཁོར་བ་ཟེར་བའི་སྡུག་པོ་འདིར། །
སེམས་སྐྱོ་ཤས་ཀྱི་རྣམ་ཆ་ཅིར་ཡང་ཤར། །
དུས་རེ་ཞིག་མུན་པའི་སྨག་རུམ་ན། །
གཅུང་སྒྲུབ་གཡོག་ཁོ་མདུན་དུ་ཧར་གྱིས་བྱུང་། །
ཡར་བཞེངས་པ་ཞུ་དང་རིན་པོ་ཆེ། །
ལྕམ་རིན་ཆེན་དཔལ་འཛོམ་གཤེགས་པར་གདའ། །
གསོལ་འདེབས་ལ་ད་ལྟ་ཕེབ་དགོས་ཟེར། །
དེར་རྟབ་རྟབ་ངང་ནས་ཕྱིན་ཙ་ན། །
ཆུང་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། །
ཡར་ཐོལ་གྱིས་ལོངས་པའི་ལྕམ་ཆུང་དེའི། །
ལུས་མལ་གྱི་ཐ་མལ་བཞག་ནས་འདུག །
སྙིང་རྗེ་བ་ལ་བཟོད་ཐབས་ག་ན་ཡོད། །
ལམ་ཟབ་མོ་རྡོ་རྗེའི་ཐེག་པ་ཡིས། །
གནས་སྤོར་དང་བསྔོ་སྨོན་ཡང་དག་བགྱིས། །
ཁོང་འཆི་བདག་གཤིན་རྗེའི་ཞགས་ཐེབས་དེ། །
གློག་ཕྲེང་ལས་བདེ་བླག་རྩལ་དྲག་པ། །
དུས་རྟག་པར་ཡིད་ལ་གཅགས་ཡོད་ཀྱང་། །
དོ་ནུབ་ཐ་མའི་སྐད་ཅིག་ལ། །
མངོན་སུམ་དུ་མཐོང་བས་མཆི་མ་བཀུ། །
འདི་དོ་ནུབ་ཁོང་གི་ཐོག་ཏུ་བབ། །
སྤྱིར་སེམས་ཅན་ཀུན་གྱི་མདུན་ན་འདུག །
སྒོས་བདག་ཅག་ལ་ནམ་ཡོད་ཆ་ཅི་འཚལ། །
དེ་བསམས་བཞིན་དམ་པའི་ལྷ་ཆོས་བྱེད། །
འདི་དྲན་བཞིན་དབེན་པའི་རི་ཁྲོད་སྙོགས། །
དེ་མཐོང་བཞིན་འདི་སྣང་ཞེན་འཁྲིས་གཅོད། །
དེ་བསམས་བཞིན་བློ་སྣ་དྲུང་བུར་འཐུལ། །
ཡིད་གདོན་གྱིས་བཏབ་པའི་སྐྱེ་བོ་ཀུན། །
མི་གཞན་ལ་བྱུང་བ་ཤེས་བཞིན་དུ། །
དེ་རང་ལ་འོང་སྙམ་མི་འདུག་སྟེ། །
མི་ང་ལ་སྙིང་ནས་ལྟོས་པ་དང་། །
ཁྱེད་སྒྲུབ་ཚུགས་ཟིན་པའི་སློབ་མ་རྣམས། །
ཚུལ་འདི་ལ་བསམས་ནས་སྙིང་རུས་བསྐྱེད། །
ཅིས་ཀྱང་དགོས་མེད་ཀི་བློ་སྣ་བསྟུངས། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།