༄༅། །བསིལ་ལྗོངས་གྲུབ་རིགས་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་མི་ལ་བཞད་པའི་རྡོ་རྗེ་ལ་བསྟོད་པ་གྲུབ་དབང་དགྱེས་པའི་འཛུམ་ཟེར་ཞེས་བྱ་བ།
༈ན་མོ་བཛྲ་དྷཱ་རཱ་ཡ།
གསང་ཆེན་སྒྱུ་འཕྲུལ་གར་གྱི་རི་མོ་འབུམ།།
ཅིར་ཡང་འཆར་བའི་ངོ་མཚར་ཐབས་མཁས་ཀྱིས།།
ཐར་འདོད་ཐར་པར་འཁྲིད་པའི་ས་མཁན་མཆོག།
བཞད་པའི་རྡོ་རྗེ་སྲིད་པ་གསུམ་ན་རྒྱལ།།
ཀུན་གསལ་མཐའ་ལས་འགོངས་པའི་ཡོན་ཏན་གྱི།།
རིན་ཆེན་སྙེ་མ་གཡུར་དུ་ཟ་བ་ལས།།
རང་བློར་དཔག་པའི་རྣམ་ཐར་མུཀྟི་ཀའ།།
ཕྲེང་བ་རྣམ་དཔྱོད་སོར་མོས་བསྟར་བར་བྱ།།
མི་ལའི་རིགས་འཁྲུངས་མིང་ཐོས་དགའ་བ་ཁྱོད།།
ཞི་བའི་མགྲོན་སླད་སྲིད་པའི་རྒུད་པ་བརྒྱས།།
སྐྱབས་མེད་དམ་དང་ལྷན་ཅིག་མནར་བྱས་ཀྱང་།།
ད་དུང་གདངས་སྙན་གླུ་རུ་ལེན་དེ་མཚར།།
དེ་ཚེ་ཞེ་སྡང་བདག་མེའི་འཐོར་རླུང་གིས།།
ཁྱོད་མཐུ་གསར་པའི་མེ་ཆེན་སྦར་བ་ཡིས།།
གཉེན་མི་དགྲ་སྡེ་ཐལ་བར་བརླག་པ་ན།།
ཡིད་སྲུབ་རང་གནས་བསྲེག་པའི་ལྟས་ཀྱིས་འཇིགས།།
སྒྱུ་མའི་སྡིག་ཆེན་སྤྱོད་པའི་མིག་འཕྲུལ་དུ།།
དེད་དཔོན་མང་བཀུར་མཐོ་རིས་རྟེན་ལ་ཡང་།།
དམྱལ་བའི་སྡུག་བསྔལ་བཟོད་པའི་དཀའ་ཐུབ་ཀྱིས།།
མཁར་ལན་ལ་སོགས་ལྟས་མོ་ཅི་ཡང་བསྟན།།
དེ་ནས་མར་པ་ལོ་ཙཱ་ཧེ་བཛྲ།།
གཉིས་མེད་ཡེ་ཤེས་རང་བཞིན་དཀྱིལ་འཁོར་དུ།།
སྐུ་བཞིའི་ས་བོན་འགྲུབ་པའི་དབང་བསྐུར་གྱིས།།
སྨིན་ཚེ་གྲོལ་བྱེད་ལམ་ལ་རིངས་པར་ཆས།།
ཀུན་རྟོག་ཚེར་མ་གཟིར་བའི་སེམས་ཀྱི་ཟྭ།།
བཅུད་དུ་བསྒྱུར་བའི་ཐབས་མཁས་རྣལ་འབྱོར་ཆེ།།
ཁྱོད་ཐུགས་སྟོང་པའི་དབྱིངས་སུ་ཞུགས་པ་ན།།
སྐུ་ཡང་ནམ་མཁའི་མདངས་བཟང་སྟོན་པ་བཞིན།།
འཆི་མེད་ལམ་ལས་བརྒལ་ནས་ཞི་བའི་གྲོང་།།
བསྙེགས་འདྲ་གཡའ་རི་གངས་ཀྱི་རི་སུལ་ནས།།
རས་གོས་རྐྱང་བས་གྲང་རེག་གཞོམ་པ་དེ།།
གཏུམ་མོའི་ཚ་ཟེར་ཁོང་ནས་བཞད་མིན་ནམ།།
དེ་ཚེ་བཞི་རལ་བརྒྱད་གྱེས་ཁང་པ་དང་།།
ལྷུ་ཚིགས་ཀུན་ནས་རྒོད་པ་ཨ་མའི་གདུང་།།
གཏོལ་མེད་ཕྱོགས་མཐར་འཁྱམས་པ་སྲིང་མོས་ཀྱང་།།
འཁོར་བའི་ངང་ཚུལ་བསྟན་ནས་ཆོས་ལ་བསྐུལ།།
བརྩོན་པ་བརྩོན་པའི་བསྐུལ་མ་རྗེས་འགྲོ་ཅན།།
དྲག་འཕྱུར་ཁམ་ནག་དབྱར་གྱི་ཆུ་ཀླུང་བཞིན།།
ལས་ཉོན་སྒྲིབ་པའི་ལྗན་ལྗིན་མ་ལུས་པ།།
ལྷག་མེད་བྱང་ཚེ་རྟོགས་པ་ཀློང་ནས་རྡོལ།།
རིམ་གཉིས་གོམ་སྟབས་བསྒྱུར་ལ་སྙིགས་མའི་ཚེ།།
ཐུང་ཡང་མི་འུ་ཐུང་གི་གོམ་གཅིག་གིས།།
བསྐལ་མང་བགྲོད་དཀའི་སྒྲ་ཆེན་སངས་རྒྱས་ས།།
མནན་ཚེ་རྒྱལ་རྣམས་སྟོབས་ལྡན་རྫུ་ལ་བརྟེན།།
འོད་གསལ་སྒྱུ་མའི་རས་དཀར་འདབ་མ་ཟུང་།།
བསྐྱོད་པའི་གཉིས་སྐྱེས་ཀ་ལ་པིང་ག་ཁྱོད།།
མགྲིན་པའི་འཁོར་ལོ་གྲོལ་ལས་གསང་ཆེན་གླུ།།
ལྷང་ལྷང་བསྒྲགས་ཚེ་ཌཱ་ཀིའི་སྙིང་རྩ་འདར།།
ལུང་བསྟན་བུ་སློབ་རྒྱལ་ཕྲན་སྟོང་གི་དབུས།།
ཟུང་འཇུག་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་མཁན།།
འཁོར་བའི་དགྲ་སྡེ་ཀུན་ལས་རྒྱལ་ཁྱོད་ལ།།
མི་མིན་འགའ་ཡིས་མ་ཚུགས་མཚར་སྐད་མཚར།།
རྫུ་ཞིང་འཕྲུལ་བའི་རྣམ་རོལ་ཕྲ་མོ་ཡིས།།
ཁྱོད་ལ་བསྔགས་པའང་བྱིས་པའི་བློ་གྲོས་ཏེ།།
སྔོན་ནས་ངོ་མཚར་མ་ལ་ཡ་རླུང་གིས།།
འཕགས་ཡུལ་བརྟན་གཡོའི་འདབ་མ་བསྙིལ་མིན་ནམ།།
ཨེ་མ་གྲགས་པའི་གཞིར་གྱུར་ཁྱོད་ཀྱི་མཐུ།།
ལྕེ་རྩེའི་མཚོ་ལ་དབྱངས་ཅན་ངང་མོ་འབུམ།།
ཅིག་ཅར་འཁྱུད་ཀྱང་བསྐལ་བརྒྱར་རྫོགས་མིན་ན།།
རྨོངས་པས་རྨོངས་པ་བདག་འདྲས་ཇི་ལྟར་བརྗོད།།
འོན་ཀྱང་ཆ་ཙམ་སྤེལ་བའི་དགེ་བ་འདིས།།
ཆོས་བརྒྱད་འགོང་པོ་རྡོག་པས་བརྫི་བྱས་ཏེ།།
རིམ་གཉིས་ལམ་བཟང་གོམ་པའི་གར་སྟབས་ཀྱིས།།
མི་བསྐྱོད་རྒྱལ་བའི་གནས་སུ་བགྲོད་པར་ཤོག།
ཅེས་བསིལ་ལྗོངས་གྲུབ་རིགས་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་མི་ལ་བཞད་པའི་རྡོ་རྗེ་ལ་བསྟོད་པ་གྲུབ་དབང་དགྱེས་པའི་འཛུམ་ཟེར་ཞེས་བྱ་བ་འདི་ནི།ཁྱབ་བདག་ཆེན་པོ་དེ་ཉིད་ཀྱི་རྣམ་ཐར་ལ་ཡིད་མོས་ཀྱང་རྐྱེན་དབང་དུ་ཤོར་བའི་སྙོམས་ལས་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་ཉེར་བདུན་པ་ལ་དབེན་གནས་ཡིད་དགའ་ཆོས་འཛིན་དུ་མཚམས་ལ་སྡོད་སྐབས་ཤིག་མཚན་མོ་གཉིད་ཀྱི་བར་སྐབས་སུ་གང་དྲན་ཡིད་ཀྱི་མེ་ལོང་ལ་བྲིས་པའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།