གཏེར་ཆེན་མཆོག་གྱུར་གླིང་པས་ཡོན་བདག་རྣམས་ལ་གདམས་པ།

640.jpeg

གཏེར་ཆེན་མཆོག་གྱུར་གླིང་པ།

1829 ——1870


བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།།

བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས།། 

རྣལ་འབྱོར་བདག་གིས་བདེན་པའི་གླུ་དབྱངས་ལེན།།

ཁྱེད་རྣམས་མ་ཡེངས་ཉོན་ཅིག་ཡོན་བདག་རྣམས།།

                 

མི་ཚེ་ཡེངས་པ་དག་ལ་ཤོར་ནས་ཐལ།།

མི་རྟག་འཆི་བ་ཡོད་དོ་ཡོན་བདག་རྣམས།། 

འཆི་དུས་བསགས་པའི་ནོར་རྣམས་ཤུལ་དུ་ལུས།།

དོན་མེད་སྡིག་གསོགས་མ་བྱེད་ཡོན་བདག་རྣམས།།

              

ཕྱི་མར་ཕན་པ་དམ་པའི་ལྷ་ཆོས་ཡིན།།

ད་ལྟ་ལྷ་ཆོས་གྱིས་ཤིག་ཡོན་བདག་རྣམས།།

གཏན་གྱི་སྐྱབས་གནས་བསླུ་མེད་དཀོན་མཆོག་ཡིན།།

མཆོད་བསྟོད་གསོལ་བ་ཐོབ་ཅིག་ཡོན་བདག་རྣམས།།

              

འཇིག་རྟེན་ལྷ་ཡི་མི་ཕན་གནོད་པ་ཆེ།། 

དོན་མེད་དམར་མཆོད་མ་བྱེད་ཡོན་བདག་རྣམས།། 

རང་ལ་སངས་རྒྱས་དངོས་དེ་བླ་མ་ཡིན།།

རྟག་ཏུ་ཅི་མཉེས་སྒྲུབས་ཤིག་ཡོན་བདག་རྣམས།།

         

དཔའ་བོ་མཁའ་འགྲོ་དངོས་དེ་མཆེད་གྲོགས་ཡིན།།

གྲོགས་ལ་བརྩེ་དུང་གྱིས་ཤིག་ཡོན་བདག་རྣམས།།

བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་ཡིན།།

རྟག་ཏུ་གསོལ་བ་ཐོབ་ཅིག་ཡོན་བདག་རྣམས།།

          

སྐྱོང་རྒྱུའི་གཉེན་དེ་འགྲོ་དྲུག་སེམས་ཅན་ཡིན།།

བྱམས་དང་སྙིང་རྗེས་སྐྱོངས་ཤིག་ཡོན་བདག་རྣམས།།

འདུལ་རྒྱུའི་དགྲ་དེ་ཉོན་མོངས་དུག་ལྔ་ཡིན།།

གཉེན་པོས་ཅི་ཐུལ་གྱིས་ཤིག་ཡོན་བདག་རྣམས།།

              

དམྱལ་བའི་རྒྱུ་ཡི་རྩ་བ་སྲོག་གཅོད་ཡིན།།

སྡིག་ཟས་ཤ་ཁྲག་སྤོངས་ཤིག་ཡོན་བདག་རྣམས།།

སྲོག་གཅོད་བྱེད་པའི་རྩ་བ་ཤ་འདི་ཡིན།། 

སྡིག་ཟས་ཤ་ཁྲག་སྤོངས་ཤིག་ཡོན་བདག་རྣམས།།

            

ཁྱིམ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ།།

དོན་མེད་འཁོན་འཛིང་མ་བྱེད་ཡོན་བདག་རྣམས།།

བཟང་རུང་ངན་རུང་གཡས་གཡོན་ཁྱིམ་མཚེས་ཡིན།།

ཁྱིམ་མཚེར་སྡང་བ་མ་བྱེད་ཡོན་བདག་རྣམས།།

          

ཕྱུགས་ལ་བརྡེག་བརྡུང་བྱས་ན་གཡང་ལྷ་ཉམས།།

སྒོ་ཕྱུགས་བྱམས་པས་སྐྱོངས་ཤིག་ཡོན་བདག་རྣམས།།

ཁོང་ཁྲོས་རང་གཞན་གཉིས་ཕུང་དགེ་རྩ་འཇོམས།།

དགྲ་ལ་ཞེ་སྡང་མ་ཆེ་ཡོན་བདག་རྣམས།།

                 

ཚེ་སྟོད་གཉེན་ལ་ཚེ་སྨད་དགྲ་རུ་སྡང་།།

གཉེན་ལ་གདུང་སེམས་མ་ཆེ་ཡོན་བདག་རྣམས།།

སེར་སྣ་བྱས་ན་ཡི་དྭགས་གནས་སུ་སྐྱེ།།

གཡོག་པོར་ལྟོ་གོས་བྱིན་ཅིག་ཡོན་བདག་རྣམས།།

             

ཕྱི་མའི་ཡུལ་ལ་ཟས་ནོར་ཁྱེར་དབང་མེད།།

དབུལ་པོར་སྦྱིན་པ་ཐོངས་ཤིག་ཡོན་བདག་རྣམས།།

ཕ་མར་བཀུར་ན་བུ་ལ་བསོད་ནམས་ཆེ།།

རྒས་དུས་བྱམས་པས་སྐྱོངས་ཤིག་ཡོན་བདག་རྣམས།།

             

མར་མེ་ཕུལ་ན་ཕྱི་མར་གཟུགས་བཟང་སྐྱེ།།

ལྷ་ལ་མར་མེ་ཕུལ་ཅིག་ཡོན་བདག་རྣམས།།

ཕྱག་དང་སྐོར་བས་ལུས་ཀྱི་སྒྲིབ་པ་འདག།

གཏན་དུ་ཕྱག་བསྐོར་གྱིས་ཤིག་ཡོན་བདག་རྣམས།།

                

ཁ་ནི་ཁ་མཆུ་ཀུན་གྱི་གཞི་མ་ཡིན།།

དོན་མེད་ལབ་མོ་མ་མང་ཡོན་བདག་རྣམས།།

ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་པ་ཡིན།།

རྒྱུན་དུ་མ་ཎི་བགྲོངས་ཤིག་ཡོན་བདག་རྣམས།།

              

བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ།།

བསམ་པ་བཟང་པོ་གྱིས་ཤིག་ཡོན་བདག་རྣམས།། 

དུས་ངན་སྙིགས་མའི་མི་ལ་བློ་གཏད་མེད།།

བློ་ཕུགས་ཆོས་ལ་གཏོད་ཅིག་ཡོན་བདག་རྣམས།།

           

གྲོས་དེ་འདྲི་ན་རྒྱལ་བའི་བཀའ་ལ་དྲིས།།

ལེགས་ཉེས་གསལ་བར་སྟོན་ཡོང་ཡོན་བདག་རྣམས།།

མི་ལ་མ་རེ་ལྷ་ལ་གསོལ་བ་ཐོབ།།

ཅི་བསམ་ཆོས་བཞིན་འགྲུབ་ཡོང་ཡོན་བདག་རྣམས།།

              

ད་ནི་མི་སྡོད་རྒྱལ་ཁམས་གཞན་དུ་འགྲོ།།

ཁྱེད་རྣམས་བདེ་བར་བཞུགས་ཤིག་ཡོན་བདག་རྣམས།།

ད་ནི་འོ་སྐོལ་ཚེ་འདིར་མ་མཇལ་ཡང་།།

ཕྱི་མ་མཇལ་བར་སྨོན་ནོ་ཡོན་བདག་རྣམས།།

གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་རྣམས།།

གཏན་དུ་བདེ་བའི་སྐྱིད་འགོ་ཚུགས་པར་ཤོག།

ཅེས་པའང་དད་ལྡན་ཕོ་མོ་རྣམས་ལ་ཨོ་རྒྱན་མཆོག་གྱུར་གླིང་པས་འགྲོ་ཁར་སྨྲས་པའོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།