༄༅། །རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཀའ་ལན་དུ་ཕུལ་བ།

1584581718240102.jpeg


རྒྱལ་བ་དྲུག་པའི་བཀའ་ལན་དུ་ཕུལ་བ། ལགས། ཕྱག་རྫོགས་ཀྱི་ཁྱད་པར་གང་ཡིན་གནང་བ་འདི་ལ་ཕྱིས་ཀྱི་ཕྱག་ཆེན་པ་རྣམས་ཕལ་ཆེར་ལྟ་བ་འཁོར་ལོ་བར་པའི་དངོས་བསྟན་དང་བསྟུན་པར་མཛད་དེ་སྟོང་ཉིད་མེད་དགག་གི་སྟེང་ནས་འཇོག་པར་མཛད་མོད། དེ་ནི་བོད་ཀྱི་ཀློག་པ་ཐོས་བསམ་པ་ཕལ་ཆེ་བ་ཞིག་འདོད་པའི་འགྲམ་མ་ཐེག་པ་ལས་གྲུབ་མཐའི་གནད་ལེགས་པར་མ་གོ་བ་ལགས། དེས་ན་དྭགས་ལུགས་སྔ་རབས་རྣམས་དང་། ཤངས་ལུགས་ཀྱི་ཕྱག་ཆེན། སྦྱོར་དྲུག །ཞི་བྱེད། རྫོགས་ཆེན་པ་སོགས་སྤོང་བ་བསམ་གཏན་པའི་སྒོམ་ཡིག་ཚད་ལྡན་ཐམས་ཅད་འཁོར་ལོ་ཐ་མའི་ལུགས་མ་ཡིན་དགག་གི་སྟོང་ཉིད་ཀྱི་སྟེང་ནས་འཇོག་པ་ཤ་སྟག་ལགས་མོད། འོན་ཀྱང་ཁྱད་པར་བ་ལ། སྤྱིར་དམིགས་ཡུལ་གྱི་མཚན་མ་འགོག་བྱེད་མདོ་ལུགས་ཀྱི་ཐོས་བསམ་ལ་བརྟེན་པ་དབུ་མ་ལ་སོགས་ཀྱི་དཔྱད་སྒོམ་གྱི་ལུགས་དང་། དམིགས་པ་པོ་ཡུལ་ཅན་ཏེ་སྣང་ཞེན་དུ་འཛིན་པའི་མཚན་མ་འགོག་བྱེད་མདོ་ལུགས་དང་སྔགས་ལུགས་མི་རྟོག་པའི་ལམ་དུ་འཁྲིད་པའམ་ཀུ་སཱ་ལིའི་འཇོག་སྒོམ་གྱི་ལུགས་གཉིས་སྣང་ཞིང་བྱེ་བྲག་ཕྱག་རྫོགས་ཀྱི་ཁྱད་པར་ནི་ཆོས་ཅན་གང་ཤར་གྱི་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་རྒྱས་བཏབ་ནས་སྣང་རིག་ངོས་བཟུང་བྲལ་བའི་གསལ་སྟོང་དུ་སྐྱེལ་བ་ཕྱག་ཆེན་པའི་ལུགས། ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་པའི་སེམས་རང་བྱུང་ཡེ་ཤེས་ཀྱི་དབྱིངས་སུ་ཚུར་རྫོགས་པས་དོན་ལ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པ་རྫོགས་ཆེན་པའི་ལུགས་ཏེ། དེས་ཟབ་ཁྱད་ཀྱི་ཁྱད་པར་རགས་པ་ཙམ་མཁྱེན་སླ་བ་ལགས། དེ་ལ་དྭགས་བརྒྱུད་ཕྱག་ཆེན་པ་རྣམས་གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་མདོ་ཏིང་འཛིན་རྒྱལ་པོ་དང་། རྒྱུད་བླ་མའི་དགོངས་པ་ལྟར་མདོ་ལུགས་སུ་བཞེད་པ་དང་། བདེ་སྟོང་ཕྱག་རྒྱ་ཆེན་པོ་ཞེས་སྔགས་ལུགས་དབང་ལས་བྱུང་བའི་ཡེ་ཤེས་ཏེ་བརྒྱུད་ལུགས་ཐ་དད་པ་གཉིས་རྗེ་མར་པ་ལ་བཀའ་བབས་ཡོད་པར་བཞེད། ཤངས་ལུགས་སོགས་ཕྱག་ཆེན་གྱི་མཚན་ཅན་གཞན་བོད་འདིར་བྱུང་བ་ཐམས་ཅད་དང་། སྦྱོར་དྲུག །རིམ་ལྔ། ལམ་འབྲས་སོགས་དབང་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་བཞེད་པ་ཤ་སྟག་ལགས། ཞི་བྱེད་པ་རྣམས་ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་ཞེས་ཤེར་ཕྱིན་གྱི་དགོངས་པ་སྔགས་ཀྱི་ཟབ་ལམ་གྱིས་བདེ་མྱུར་དུ་འཁྲིད་པས་ཁྱད་པར་འཕགས་པར་བཞེད། རྫོགས་ཆེན་ལ་ནང་གསེས་ཀྱིས་ཕྱེ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ལས། སེམས་སྡེ་ནི། ཅིར་སྣང་སེམས་ཡིན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་པ་མེད་པ་ལ་དགོངས་པ་སྟེ། འདི་ལམ་གྱི་སྣེ་འཁྲིད་ཚུལ་ཕྱག་ཆེན་དང་འདྲ་ཤས་ཆེ་མོད། དོན་ལ་ཁྱད་པར་ཆེ་སྟེ། ཕྱག་ཆེན་པས་ཡུལ་ལ་ཕར་རྒྱས་འདེབས་པ་ཡིན་ལ། སེམས་སྡེ་བས་ཡུལ་ཅན་སེམས་ཉིད་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པའི་ཕྱིར་རོ། །ཀློང་སྡེ་ནི། ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཡིན་པས། ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་སྟེ། འདིས་འོད་གསལ་ལ་རྩིས་པོ་ཆེར་བྱེད་པ་གསར་མའི་རིམ་ལྔ་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། རིམ་ལྔ་ནི། རླུང་ལྔའི་བྱེད་ཆིངས་ཀྱི་གནད་ལས་སྒྱུ་ལུས་སྟོང་གཟུགས་ཀྱི་སྣང་བརྙན་ཉིད་:རིམ་༼རིལ་༽འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་དྭངས་སུ་འཇུག་པ་ཡིན་པས་བྱ་རྩོལ་དང་བཅས་པ་ཡིན་ལ། ཀློང་སྡེས་ནི། དམིགས་གཏད་བྲལ་བའི་གནད་ཟབ་མོས་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཟབ་གསལ་གྱི་ཡེ་ཤེས་ཟུང་འཇུག་གི་འཇའ་ལུས་རྡོ་རྗེའི་སྐུར་སྒྲུབ་པའི་ཐབས་ཟབ་པས་ལམ་འདིར་ཞུགས་པའི་གོང་མ་རྣམས་ཡེ་ཤེས་ཀྱི་སྐུར་གཤེགས་པ་ཤ་སྟག་བྱུང་ཞེས་རྡོ་རྗེ་ཟམ་པ་བ་རྣམས་གསུངས་པ་བཞིན་ལགས། མན་ངག་གི་སྡེ་ནི་སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས། འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས་རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པ་སྟེ། འདི་ནི་གནད་ཐོག་ཏུ་གྲོལ་བ་གནད་ལ་ཐེབས་པའི་མེ་བཙའ་དང་འདྲའོ། །འདིའི་ལམ་ཐོད་རྒལ་གྱི་སྣང་བ་གཙོ་བོར་བྱེད་པས་གསར་མའི་སྦྱོར་དྲུག་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། སྦྱོར་དྲུག་པས་རླུང་ལྔ་དབུ་མར་བཅིངས་པའི་གནད་ཀྱིས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་བྱེད་རྩོལ་གྱིས་བདེ་བ་ཆེན་པོའི་ལམ་ལ་རིམ་གྱིས་དཀྲི་བ་ཡིན་ལ་འདིར་ནི་སེམས་ཡིན་ལ་ལུས་དང་ཆོས་ཉིད་ལ་འཛིན་པ་ལ་སོགས་པ་ཡིད་དཔྱོད་ཐམས་ཅད་བཅད་ནས་གནས་ལུགས་རང་གསལ་མངོན་སུམ་དུ་གཏན་ལ་འབེབས་པས་འཕགས་པ་ལགས་ཤིང་། ལམ་འདིའི་ཡེ་ཤེས་ཀྱི་སྐུ་འཇའ་ལུས་སུ་གྲོལ་བའང་ཀློང་སྡེ་སོགས་ཀྱིས་བསྒྲུབས་པ་ལས་འཕགས་ཏེ། འདིར་ནི་རགས་པའི་སྒོ་གསུམ་ཕྲ་བ་དྭངས་མའི་སྐུར་བསྒྱུར་བ་ཙམ་མ་ཡིན་པར། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་ནས་སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དྭངས་པ་ཡིན་པའི་ཕྱིར་སྙམ་པ་ལགས། སྤྱིར་རྙིང་མ་རང་ལུགས་ལའང་ཧེ་རུ་ཀ་ཀ །ལྤོའི་རྒྱུད་ལ་སོགས་པར་དེང་སང་གསར་མ་བར་གྲགས་པའི་སྦྱོར་དྲུག །རིམ་ལྔ། ལམ་འབྲས་སོགས་གསལ་བར་གསུངས་ཀྱང་མན་ངག་ཕྱག་ལེན་ལ་འདེབས་པ་ཆེར་མ་བྱུང་ཞིང་། སྒྱུ་དྲྭའི་རིམ་དྲུག་རིམ་གསུམ་སོགས་གྲོལ་ལམ་དང་། གསང་ཐིག་སོགས་ཐབས་ལམ་གྱི་མན་ངག་རྣམས་དང་། འདུས་པ་མདོའི་ངང་སྒོམ། བཀའ་བརྒྱད་ཀྱི་རིམ་ལྔ་སོགས་སྔར་དར་བར་བྱུང་ནའང་། དེང་སང་ཁྲིད་སྲོལ་གུ་རུ་ལུགས་མ་ཆད་ཙམ་ལས་རྩལ་འདོན་དུ་འཆད་སྲོལ་ནུབ་པ་ལྟ་བུ་དང་། ཁྱད་པར་རྙིང་ལུགས་ལ་བཀའ་མ་རྣམས་སེམས་སྡེ་ལ་གཙོ་བོར་མཛད་པས། སྔར་རོང་ལུགས། ཁམས་ལུགས། སྐོར་ལུགས། ཉང་ལུགས་སོགས་བཀའ་མང་ཞིང་། དར་ལ་སྨིན་པས་གྲུབ་བརྙེས་ཀྱང་མཐའ་ཡས་པ་བྱུང་ནའང་། དེང་སང་སེམས་སྡེ་ཉང་ལུགས་དང་། ཨ་རོགས་ལུགས། ཀློང་སྡེ་ལས་རྡོ་རྗེ་ཟམ་པ་སོགས་དབང་ཁྲིད་ལུང་གསུམ་ཚང་བ་ཉུང་ཟད་ཙམ་ལས་མི་སྣང་ཞིང་། མན་ངག་གི་སྡེ་ལ་བཀའ་སྲོལ་མང་ཡང་ཁྱད་པར་དུ་གྱུར་པ་བི་མ་ལའི་སྙིང་ཐིག་ལྡང་མ་དང་ལྕེ་བཙུན་ལས་བརྒྱུད་པ་དང་། མཁའ་འགྲོ་སྙིང་ཐིག་ལས་འབྲེལ་རྩལ་གྱི་གཏེར་མ་སྟེ་རྫོགས་ཆེན་གྱི་ཁྲིད་ཆེན་གཉིས་པོ་འདི། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་ཞབས་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུའང་ཕྱག་ཆེན་སོགས་མན་ངག་གཞན་དང་མ་འདྲེས་པའི་རྫོགས་ཆེན་གྱི་རང་སྐད་ཇི་ལྟ་བའི་བཤད་སྲོལ་དང་ཉམས་མྱོང་སྐྱེད་རིམ་གྱི་རྒྱུན་ཡང་མ་ཆད་ཙམ་ལས་དར་རྒྱས་ཆེ་བ་ནི་མི་འདུག་ལགས། ཡང་། གསར་རྙིང་མན་ངག་གང་དང་གང་ལ་བརྟེན་ནས་གྲུབ་པ་བརྙེས་པའི་གང་ཟག་དེང་སང་ཅི་འདྲ་ཡོད་ཕེབས་པ། ལར་དུས་ཀྱི་འགྱུར་བས་བཤད་སྒྲུབ་ཀྱི་བསྟན་པ་ཐམས་ཅད་ཇེ་ཞན་དུ་འགྲོ་བ་ཆོས་ཉིད་ལགས་པ་ནས། ཕྲན་བུ་གཞོན་དུས་སུ་གསར་མ་ལ་གནས་སར་བ་དང་། ཞ་ལུ་མཁན་ཆེན་སོགས་ས་ལུགས་ཀྱི་མཁས་གྲུབ་བཤད་སྒྲུབ་ཀྱི་བདག་པོ་འགའ་དང་། ཇོ་ནང་པ་དང་། ཀར་འབྲུག་སོགས་ལའང་རི་ཚུགས་ཟིན་ཅིང་སེམས་གནས་དང་། རླུང་སྦྱོར་ཆགས་ལམ་སོགས་ལ་ནུས་པ་རྗེས་མཐུན་ཙམ་ཐོབ་པའི་རྟོགས་ལྡན་ཚད་ལྡན་དུ་མ་དང་། རྙིང་ལུགས་ལ་ཡང་། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། གོང་ལོ་གཞན་ཕན་རྡོ་རྗེ། ཀོང་པོ་རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐང་འབྲོག་པ་པདྨ་ལེགས་གྲུབ། རོང་པ་རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། བདག་ཚོའི་ཡབ་རྗེ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་སོགས་ཏེ་དེ་ཐམས་ཅད་རྫོགས་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཤིང་གཞན་ལ་འཆད་མཁས་པ་ཤ་སྟག་ལགས་ཤིང་། དེའི་ནང་ནས་ཀྱང་རྫོགས་ཆེན་རང་སྐད་ལ་ཀོང་པོ་རྫོགས་ཆེན་པ་ཕྲིན་ལས་རྒྱ་ཆེ་བས་ཁོང་གི་སློབ་མ་བྱ་བཏང་སེམས་གནད་དང་། རླུང་ཐིག་ཐོད་རྒལ་གྱི་འཆར་སྣང་སོགས་རྫོགས་རིམ་གྱི་ཡོན་ཏན་རྗེས་མཐུན་རྫོགས་པ་ཤེལ་བྲག་པ་ཡེ་ཤེས་ཕུན་ཚོགས། དམ་པ་ཀློང་ཡངས་འོད་གསལ་སོགས་མང་དུ་བྱུང་ནའང་། ད་ལྟའི་སྐབས་ཡེ་ཤེས་ཕུན་ཚོགས་ཀྱི་སློབ་མ་པདྨ་མི་བསྐྱོད་ཟེར་བ་ཞིག་གཙང་ན་ཡོད་འདུག་པ་གྲགས་ཆེ་བར་སྣང་ཡང་དོན་གནས་ཇི་བཞིན་མ་ངེས་ཤིང་། རང་རེའི་མངོན་གྱུར་གྱི་སྐྱེས་བུ་ལ་རྫོགས་ཆེན་གྱི་གསན་རྒྱ་ཉམས་རྟོགས། འཆད་པའི་ཕྲིན་ལས་ཐམས་ཅད་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་ལས་ལྷག་པ་ཞིག་ད་ལྟའི་སྐབས་ཕྱོགས་གང་ནའང་མེད་པ་འདྲ་ཞིང་། གཞན་ཡང་རྫོགས་པ་ཆེན་པོའི་དབང་ཁྲིད་ཡིད་ཆེས་སུ་གསན་ནས་ཚིག་དོན་འབྲེལ་ཆགས་ཀྱིས་འཆད་སྤེལ་བརྡ་སྦྱོར་ནུས་ཙམ་པ་ཀོང་པོ་ཐང་འབྲོག་སྤྲུལ་སྐུ། འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ། གཙང་ནས་བྲེས་པ་སྤྲུལ་སྐུ་སོགས་དང་། ཁམས་པ་མེ་རག་བླ་མ་མཆིམས་ཕུར་བཞུགས་པའང་རྫོགས་ཆེན་ལ་ཉམས་མྱོང་དང་འཆད་པའི་ཕྲིན་ལས་ཆེ་བ་ཙམ་འདུག །འདི་ཁའི་མཁན་པོ་ལོ་ཆེན་ཡང་སྙིང་ཐིག་ཡ་བཞི་སོགས་རྫོགས་ཆེན་ཐོབ་རྒྱ་ཆེ་བ་དང་། གོ་དོན་བཟང་བས་འཆད་སྤེལ་ནུས་ཙམ་དང་། ཤངས་ཆོས། ཞི་བྱེད་སོགས་ཀྱང་འཆད་པ་མ་སྡུག་ཙམ་ཡོད་ལགས་ནའང་། དེང་སང་སྐྱེ་བོ་ཐམས་ཅད་ཆོས་ལ་དོན་གཉེར་ཆུང་ཞིང་། གང་བྱེད་དེའང་འདོད་ཐག་ཉེ་བས་ཡུན་ཐུང་བ་ལ་སྙིང་པོར་བྱེད་པའི་ཕྱིར་ཁྲིད་ཆུང་ཐན་ཐུན་ཙམ་གྱི་འཆད་ཉན་དང་། དེ་ཡང་ཞག་དུས་སྤར་བའི་འཆད་བློ་དང་ཞུ་བློ་ཙམ་ལས་སེམས་ཀྱི་གཞི་རྩ་ཆོད་པའི་འཆད་ཉན་ནི་མེད་པ་ལྟ་བུ་དང་། ཁྱད་པར་སེམས་ཀློང་རྣམ་གཉིས་དང་། སྙིང་ཐིག་རྣམ་གཉིས་ཀྱི་ཁྲིད་བཀའ་སོགས་ནི་ཧ་ཅང་དར་བ་རང་ཡང་མི་འདུག་ཅིང་། གཞན་སྦས་ཚུལ་འཛིན་པའི་ཉམས་མྱོང་ཅན་གྱི་གང་ཟག་དེ་འདྲ་ཡང་མེད་པའི་མཐའ་མ་བཀག །གསར་མར་སྦྱོར་བ་ཡན་ལག་དྲུག་པ་ལས་སོར་སྡུད་བསམ་གཏན་གཉིས་ཀྱི་རྟགས་སྣང་ཤར་བ་ཇོ་ནང་པའི་བརྒྱུད་འཛིན་མུས་ཐ་གོང་པ་བློ་གྲོས་རྒྱ་མཚོ་བྱ་བ་ད་ལྟ་བཞུགས་ཤིང་། ཤངས་ལུགས་ལ་བྱ་རྒོད་ཨ་ལ་ཕུག་ཏུ་ཆོས་སྐྱོང་རྒྱལ་མཚན་བྱ་བ་སྤྱིར་ཕྱག་རྫོགས་གཉིས་དང་། ཁྱད་པར་ཤངས་ལུགས་ལ་ཆེས་འདྲིས་ཤིང་ཉམས་རྟོགས་ཀྱི་ཡོན་ཏན་གྱིས་ཀྱང་བརྒྱན་པ་ཞིག་བདག་ལས་ལོ་གཉིས་ཀྱིས་གཞོན་པའི་ས་ཕོ་བྱི་བ་ལོ་པ་ཡིན་ཡང་ཁོང་སྦས་ཡུལ་མཁན་པ་ལུང་དུ་གཤེགས་ནས་ད་ལོ་བཅུ་བདུན་ཙམ་སོང་། ད་ལྟ་ཞི་བྱེད་གཅོད་ཤངས་ལུགས་སོགས་དབང་ཁྲིད་ལུང་གསུམ་རྒྱུན་མ་ཆད་ཙམ་དང་། ལམ་འབྲས། རིམ་ལྔ། ཕྱག་ཆེན་སོགས་གྲུབ་མཐའ་སོ་སོའི་སྡེ་དགོན་རྣམས་སུ་འཆད་སྲོལ་མ་ནུབ་པར་སྣང་ཡང་ཉམས་མྱོང་གིས་བརྒྱན་པ་གང་ཟག་ཁྱད་པར་ཅན་རེ་གཉིས་ཙམ་ལ་མཐའ་མ་བཀག་མོད། ཤས་ཆེ་བ་གྲ་སའི་འཆད་ཉན་སྤྱི་སྲོལ་ལྟར་བཤད་བློ་སྒོམ་བློ་ཙམ་ལས་གནད་དུ་འགྲོ་བ་དཀའ་བར་མཆིས་ལགས་ཤིང་། ལར་ནས་གྲུབ་པ་ཐོབ་པ་ཡོད་དུ་གྱུར་ནའང་། སེམས་ཅན་སྤྱི་མཐུན་གྱི་སྐལ་བར་མ་འཚམས་པའི་དུས་དབང་གིས་གྲུབ་རྟགས་མངོན་གྱུར་བ་ནི་ཆེས་དཀའ་སྟེ། དཔེར་ན། སྔར་ཆུ་བོ་གངྒཱ་དང་། ཡ་མུ་ནའི་བར་ན་ཡོད་པའི་ཡུལ་ཨནྟར་བྷི་དི་བྱ་བར་བྱུང་བའི་ཀླ་ཀློའི་རྒྱལ་པོ་ཟླ་བས། མ་གྷ་དྷའི་རྒྱལ་པོའི་ཕོ་ཉ་དགེ་སློང་འགའ་རེས་བྱས་པས་རྐྱེན་བསླང་སྟེ་ཡུལ་གཞན་གྱི་ཀླ་ཀློའི་རྒྱལ་ཕྲན་མང་པོ་དཔུང་དུ་སྦྲན་ནས་མ་གྷ་དྷའི་ཡུལ་བཅོམ་ཞིང་ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་པོ་བསད་དུས། ཤཱཀྱ་ཤྲཱི་རེ་ཞིག་ཨོ་ཊི་བི་ཤར་བྲོས་ལ་དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན། རཏྣ་རཀྵི་ཏ་བལ་པོར་བྲོས། ཛྙཱ་ན་ཨཱ་ཀ་ར་གུཔྟ་སོགས་པཎ་ཆེན་འགའ་དང་། པཎ་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཏུ་བྲོས། བུདྡྷ་ཤྲཱི་མི་ཏྲ་དང་། བཛྲ་ཤྲཱི་སོགས་པཎ་ཆུང་མང་པོ་དང་བཅས་ལྷོ་ཕྱོགས། སཾ་གྷ་ལ་ཤྲཱི་ཛྙཱ་ན། ར་བི་ཤྲཱི་བྷ་དྲ། ཙནྡྲ་ཀ་ར་གུཔྟ་སོགས་པཎ་ཆེན་བཅུ་དྲུག་ཙམ་དང་པཎ་ཆུང་ཉིས་བརྒྱ་ཙམ་ཤར་ཕྱོགས་སུ་བྲོས་པ་སོགས་ཀྱིས་མ་གྷ་དྷར་བསྟན་པ་ནུབ་པ་ལྟ་བུར་གྱུར་དུས། ལྟ་སྟངས་གྲུབ་པ་སོགས་གྲུབ་པ་ཐོབ་པ་མང་དུ་བཞུགས་ཀྱང་། སེམས་ཅན་སྤྱི་མཐུན་གྱི་ལས་ལ་བཟློག་ཐབས་མ་བྱུང་ཞེས་གྲགས་པ་ལྟར་ལགས་ཤིང་། ལར་ནས་རྒྱལ་བའི་བསྟན་པའི་གནས་ཚད་ཡོངས་གྲགས་ལྟར་གནས་པའི་དབང་དུ་བྱས་ཏེ། འདས་ལོ་ཕུག་ལུགས་དང་བསྟུན་ནས་བརྩིས་ན་སྔར་ཕན་འབྲས་བུའི་དུས་གསུམ་དང་། སྒྲུབ་པའི་དུས་ལས་ཤེར་ཏིང་གཉིས་དང་། ཚུལ་ཁྲིམས་ལས་གྱ་དྲུག་ཙམ་འདས་ཤིང་། ད་ཕྱིན་ཚུལ་ཁྲིམས་ཀྱི་འཕྲོ་དང་། ལུང་གི་དུས་གསུམ་དང་། རྟགས་ཙམ་འཛིན་པ་སྟེ། ལྔ་བརྒྱ་ཕྲག་ལྔར་ཉེ་བ་ཙམ་ཡོད་པར་གསུང་ནའང་། དེང་སང་གི་བསྟན་པའི་དར་ནུབ་ལ་བལྟས་ན། བླ་ཁག་ཆེ་ཞིང་གྲངས་མང་ལ་རགས་པ་རྣམས་སུའང་སྙིང་པོའི་བསྟན་པ་ཧ་ཅང་མི་གསལ་ན། སྔོན་ཞུས་ལྟར་གྱི་རྙིང་མ་བ་ཉུང་ངུ་ཙམ་འདི་ནི་ད་ལྟའི་སྐབས་ནུབ་མ་རག་ལ་ཐུག་པ་ཞིག་འདུག་ལགས་པ་དམ་པ་ཉིད་ཀྱི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་རྒྱུན་མི་ཆད་ཙམ་གྱི་དགོངས་པ་མངོན་དུ་བཏོད་པ་ཞིག་གསོལ་བ་འདེབས་པ་ལགས།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།