དེ་ཡང་སྲས་དར་མ་མདོ་སྡེ་དེ་ཉིད་ཆིབས་རྟས་བརྡབས་ནས་བསྣད་པ། གྲོ་བོ་ལུང་གི་བླ་གཡེ་རུ་གདན་དྲངས་ཏེ། ཡབ་རྗེ་མར་སྟོན་ཆེན་པོས་འཕོ་བ་གསལ་འདེབས་ཀྱི་མགུར་གསུངས་པ་དེ། ཡུམ་ནང་ན་བཞུགས་པས་གསན་ཏེ། བླ་མ་སྐུ་མཁར་གྱི་རྩེ་ན་སྒྲུབ་པ་ལ་བཞུགས་པ་ལ། ད་ལྟ་བླ་གཡེ་ན་འཕོ་བ་གསལ་འདེབས་ཀྱི་མགུར་གསུང་གི་གྲག །ངའི་བུ་དེ་ལ་བར་ཆད་བྱུང་བ་ཡིན་ནམ་དགོངས། རིངས་སྟབས་སུ་བླ་གཡེར་བྱོན་པས། སྲས་ཀྱི་དབུ་ཁྲག་རལ་ཉིལ་ལེ་ཡབ་ཀྱི་པང་ན་འདུག་པ་གཟིགས་པས། རེ་ཞིག་ཐུགས་དྲན་མེད་དུ་བརྒྱལ། སངས་པ་དང་ཡབ་ལ། སྨན་ཡན་ལག་བརྒྱད་པ་ལ་ནི་ཁྱེད་རང་མཁས། བུ་འདི་འཚོ་བ་གདའ་འམ་མི་འཚོ་བ་གདའ་ཞུས་པས། བླ་མའི་ཞལ་ནས། སྨན་ཡན་ལག་བརྒྱད་པ་ལ་ང་མཁས་རུང་། རོ་མགོ་མེད་པ་ལ་གསོ་ཐབས་མི་འདུག །ཁམས་གསུམ་སེམས་ཅན་གྱི་ལས་སླེབ་ཚེ། དུས་གསུམ་སངས་རྒྱས་ཀྱི་མཐུ་བརྡུགས་བྱ་བ་ལྟར། ངས་གསོ་ཐབས་མི་འདུག །ཤེས་ན་ཁྱོད་ཀྱིས་གསོས་དང་གསུངས། སྲས་ཀྱི་དབུ་ཡུམ་གྱི་པང་དུ་གནང་སྟེ། ཆུ་ཟངས་གང་གི་ནང་ན་ཞག་ཉ་མིག་ཙམ་ཞིག་ཡོད་པ་དེ་རྩིག་ལོགས་ལ་གཏོར་ཚར་འདུག །བུ་མཚམས་ཀྱི་སྒང་ལ་ལྟད་མོ་ལ་གཏོང་མཁན་ཁྱོད་མིན་པ་སུ་ཡོད། ལར་རང་བུད་མེད་ཀྱི་གྲོས་མགོ །རའི་ལམ་སྣ། ཕྱི་བའི་བྱ་ར། ཐལ་བའི་ལ་རྫས། མར་གྱི་ཉི་འདེ་རྣམས་ལ་དགའ་མོ་བྱུང་བའི་དཔེ་མེད་གསུངས། དབུ་གཏུམས་ནས་བཞུགས་པར་གདའ། དེར་ཡུམ་གྱི་ཐུགས་ལ། ངས་དག་མ་ཉེས་ཏེ། ད་ལན་ཤགས་འབུལ་བའི་དུས་སུ་མི་འདུག་ཅིང་། བུ་འདིའི་མཚམས་སྦྱོར་ལ་ཡང་གནོད་པ་འདུག །ཕ་ཇོ་ཁོང་སེམས་ངོ་སྤྲོད་པའི་བླ་མ་དང་ཡབ་ཡིན་པ་ལ་མ་འཕོས་རུང་། ང་ལུས་སེམས་བསྐྱེད་པའི་ཨ་མ་ཡིན་པས། སྙིང་བརྩེ་བས་འཕོས་ཏེ་འོང་སྙམ་ནས། ཡུམ་གྱིས་སྲས་ཀྱི་སྙན་ཁུང་ལ་ཞལ་གཏད་ནས་བཤུམས་ཤིང་འཕོ་བ་གསལ་འདེབས་ཀྱི་མགུར་འདི་གསུངས་སོ།།
རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།།
མཆོག་གི་སྤྲུལ་པ་རིན་པོ་ཆེ།།
མཚན་ལྡན་མར་པ་ལོ་ཙཱ་ཡི།།
ཞབས་ལ་གུས་པས་ཕྱག་འཚལ་ལོ།།
བུ་གསོན་དང་ཇོ་སྲས་མདོ་སྡེ་འབུམ།།
བུ་འདི་ནས་ཕ་རོལ་གཤེགས་པའི་ཕྱིར།།
འདུས་བྱས་ཕུང་པོ་འཇིག་པ་ལ།།
ཐུགས་ཁྲལ་ཅུང་ཟད་ཡོད་དེ་མཆི།།
ཕ་ཇོ་མར་པ་ལོ་ཙཱ་ཡིས།།
རྒྱ་གར་ཡུལ་ལ་ལན་གསུམ་བྱོན།།
སྐུ་སྲོག་ལ་མ་ལྟོས་དམ་ཆོས་བཙལ།།
མཚན་ལྡན་བླ་མ་དུ་མ་བསྟེན།།
ཁྱད་པར་ནཱ་རོ་པཎ་ཆེན་ལ།།
སྙན་རྒྱུད་ཀྱི་གདམས་པ་མ་ལུས་གསན།།
ཕ་ཇོས་མ་གསང་བུ་ལ་གསུངས།།
དུས་ད་ལྟ་ཐུགས་ལ་གསལ་མི་གསལ།།
ནཱ་རོ་པཎ་ཆེན་གྱི་གདམས་ངག་རྣམས།།
ད་ལྟ་གདེང་དང་ལྡན་མི་ལྡན།།
ཁྱད་ཆོས་བསྲེ་འཕོའི་གདམས་ངག་ལ།།
ད་ལྟ་ངེས་ཤེས་སྐྱེས་མ་སྐྱེས།།
སྐྱེ་མེད་ཕྱག་རྒྱ་ཆེན་པོ་ལ།།
ད་ལྟ་མཉམ་བཞག་བརྟན་མི་བརྟན།།
འཕོ་བ་གྲོང་འཇུག་གདམས་ངག་ལ།།
ད་ལྟ་གདེང་དང་ལྡན་མི་ལྡན།།
འདུས་བྱས་ཤ་ཁྲག་ཕུང་པོ་འདི།།
མི་རྟག་ནམ་མཁའི་འཇའ་ཚོན་འདྲ།།
སྒྱུ་མ་ལུས་ཀྱིས་རྟག་མ་ཐུབ།།
ཡུམ་ང་རང་ལྷ་མོ་བདག་མེད་མ།།
དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ།།
སྙིང་པདྨ་འདབ་བརྒྱད་སེང་གེའི་ཁྲི།།
ཉི་ཟླ་པདྨའི་གདན་སྟེང་ན།།
སྐྱེས་མཆོག་མར་པ་ལོ་ཙཱ་བཞུགས།།
དགེས་རྡོར་སྤྲུལ་པའི་ལྷ་དགུ་ཡིན།།
བུ་རྣམ་ཤེས་ཚངས་པའི་ལམ་ནས་ཐོན།།
ད་ལན་ཨ་མའི་ཐུགས་ཀར་འཕོས།།
ཞེས་ཡུམ་གྱིས་མགུར་དེ་ལྟར་གསུངས་པས་ཀྱང་། སྲས་དྲན་པ་ཉམས་པའི་སྟོབས་ཀྱིས་ཚིག་གཅིག་ཀྱང་མ་གསན་པར་འདུག་པ་ལས། ཡུམ་གྱི་སྤྱན་ཆབ་སྲན་མ་ཙམ་ཞིག་སྲས་ཀྱི་སྙན་ཁུང་ནས་མར་སོང་བས་རྒྱུ་དང་། ཉེ་བར་ལེན་པའི་རྐྱེན་གྱིས། སྲས་ཀྱི་ཐུགས་དྲན་རྙེད་དེ་སྤྱན་ཁྲ་ཧྲིག་བྱུང་བ་ལ། ཡང་ཡུམ་གྱིས་གོང་ལྟར་འཕོ་བ་གསལ་འདེབས་ཀྱི་མགུར་གསུངས་པ་དགོངས་ཏེ། སྲས་ཀྱི་ཞལ་ནས། ཨ་ཕོ་མཐུ་ཆེན་ང་ཡར་སློངས་ཤིག་གསུངས་ནས་ཡར་བཞེངས་ཏེ། དབུ་ཚལ་པ་བརྒྱད་དུ་སོང་བ་དེ་སྲས་རང་གིས་བསྡམས་ནས། ཨ་ཕོ་མཐུ་ཆེན་ངའི་གདོང་པ་འདི་མ་བདེ་བས་ཕྱིས་དང་གསུངས་པས། རྗེ་བཙུན་གྱི་ན་བཟས་སྲས་ཀྱི་ཞལ་རས་ཕྱིས་ཚེ། སྲས་དེ་ཉིད་ཀྱི་ཞལ་ནས། ངས་སྐྱེ་བ་འདི་ལ་ཕ་མ་གཉིས་པོའི་དྲིན་ལན་འཇོལ་བ་ཞིག་འོང་ངམ་བསམ་སྟེ། དྲིན་ལན་མ་འཇོལ་བའི་ཁར། ཡབ་ཡུམ་གཉིས་ཐུགས་ཁྲལ་ལ་བཀོད་པ་འདི་འདྲ་ཞིག་བྱུང་བས། ཡབ་ཡུམ་གཉིས་ལ་ཐུགས་ཁྲལ་མི་བགྱིད་པར་ཞུ་ཟེར་བའི་ཞུ་དོན་ཚིག་གསུམ་པ་ཞིག་འབུལ་བས། ངའི་རམ་བུ་ཐེག་ཅིག་གསུང་།
རྗེ་བཙུན་གྱིས། དེ་ལྟ་བུ་མི་གསུང་བར་ཞུ། སྐུ་ཚེའི་བར་ཆད་དུ་འགྲོ་ཞུས་པས། སྲས་ཀྱི་ཞལ་ནས། ཨ་ཕོ་མཐུ་ཆེན་ཚེའི་བར་ཆད་བྱ་བ་ཅི་ལ་ཟེར། འདི་ཀ་མིན་པ་འདུག་གེ །སེམས་ཅན་སྤྱིའི་ལམ་པོ་ཆེ་འདི་ལ་ད་ང་ཡང་འགྲོ་བའི་དུས་ལ་བབ་འདུག་པས་འགྲོ་བ་ཡིན། ཕྱིན་ནས་འགྱུར་མིག་ལྟ་བུའི་འཕྲང་རིང་འཇིགས་པ་ཅན་སྲིད་པ་བར་དོ་བྱ་བ་དེར། སྐྱེ་འགྲོ་ཕལ་ཆེར་ལ་འཇིགས་སྐྲག་གི་སྡུག་བསྔལ་མྱོང་དགོས་ནའང་། ང་ལ་ཕ་ཇོ་མར་པའི་བཀའ་དྲིན་གྱིས་སྐྱེ་གནས་གར་སྐྱེའི་རང་དབང་ཡོད་པས། སྲིད་པ་བར་དོའི་སྡུག་བསྔལ་མྱོང་མི་དགོས་པ་འདུག་སྟེ། ལར་རང་མི་ལུས་ཐོབ་ནས་ཆོས་མི་བྱེད་པ་འདི་ཀུན་སྙིང་རྗེ་སྟེ་བྱ་ཐབས་མི་འདུག །དེ་བས་ཡབ་ཡུམ་ཐུགས་ཁྲལ་དུ་མི་འགྲོ་བའི་ཞུ་བ་ཞིག་འབུལ་བས། ཨ་ཕོས་ངའི་རམ་ཐེག་ཅིག་གསུང་ཞུ་དོན་གྱི་མགུར་འདི་ཕུལ་ལོ།།
རྗེ་སུམ་ལྡན་གྱི་བླ་མ་རིན་པོ་ཆེ།།
དཔལ་རྡོ་རྗེ་འཆང་དང་དབྱེར་མེད་པའི།།
ཡབ་དགེས་རྡོར་སྤྲུལ་པའི་ལྷ་དགུ་དང་།།
ཡུམ་སངས་རྒྱས་སྐྱེད་བྱེད་བདག་མེད་མ།།
ཡབ་ཡུམ་གཉིས་ལ་གུས་ཕྱག་འཚལ།།
ཡབ་ཡུམ་གྱིས་དབང་བསྐུར་བྱིན་གྱིས་རློབས།།
ང་འདི་ནས་ཕ་རོལ་འགྲོ་བ་ལ།།
ཡ་ང་དང་བག་ཚ་མི་བདོག་སྟེ།།
ཡབ་ཡུམ་དྲིན་ལན་མ་ཁྱེར་འཆི་བ་འདི།།
ཅུང་ཙམ་སེམས་ལ་འཕྲེང་བར་གདའ།།
འོན་ཀྱང་མ་ཕན་འཆི་བ་ལ།།
ཡབ་ཡུམ་ཐུགས་ཁྲལ་མི་བགྱིད་འཚལ།།
ཡབ་ཕ་ཇོས་གསུངས་པའི་རྒྱུད་འགྲེལ་རྣམས།།
དུས་ད་ལྟ་སེམས་ལ་གསལ་བར་གདའ།།
ཐབས་ལམ་ནཱ་རོ་ཆོས་དྲུག་ལ།།
ད་ལྟ་གདེང་དང་ལྡན་པར་གདའ།།
ཁྱད་ཆོས་བསྲེ་འཕོའི་གདམས་ངག་ལ།།
ད་ལྟ་ངེས་ཤེས་འདྲོངས་པར་གདའ།།
སྐྱེ་མེད་ཕྱག་རྒྱ་ཆེན་པོ་ལ།།
ད་ལྟ་མཉམ་བཞག་བརྟན་པར་གདའ།།
ཁྱད་ཆོས་འཕོ་བ་གྲོང་འཇུག་ལ།།
ད་ལྟ་གདེང་དང་ལྡན་པར་གདའ།།
ཡབ་ཡུམ་གཉིས་སྤྱན་ཆབ་མི་གཏོང་འཚལ།།
སྐྱེ་མེད་སྤྲོས་བྲལ་ཕྱག་རྒྱ་ཆེ།།
ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།།
ལྷ་དང་ལྷ་མོའི་རང་བཞིན་གསལ།།
སྤྱིར་འཕོ་བྱ་འཕོ་བྱེད་རྟེན་དང་བྲལ།།
སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ།།
ཡབ་ཡུམ་གྱི་ཐུགས་ཀར་གཏད་མི་འཚལ།།
རྣམ་ཤེས་གྱེན་ལ་འཕང་མི་འཚལ།།
བླ་མ་ནཱ་རོ་དང་མཻ་ཏྲིའི་རྒྱུད་འགྲེལ་རྣམས།།
རྔོག་སྟོན་མཐུ་ཆེན་ལ་སོགས་པའི།།
ཁོང་བུ་ཆེན་རྣམས་ལ་གནང་མཛོད་ལ།།
སངས་རྒྱས་ཀྱི་བསྟན་པ་སྤེལ་བར་ཞུ།།
བདག་གསོན་ཡང་བྱེད་རྒྱུ་དེ་ལས་མེད།།
ཤི་ཡང་ཞུ་རྒྱུ་དེ་ལས་མེད།།
འོ་སྐོལ་ཡབ་ཡུམ་སྲས་བཅས་རྣམས།།
སྐྱེ་བ་འདི་ལ་མཇལ་སྙམ་མི་གདའ་སྟེ།།
ཨུ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ།།
ཕྱི་མ་ཅིས་ཀྱང་མཇལ་བར་ཞུ།།
ཞེས་པའི་ལན་ཕུལ་ལོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།