རིག་འཛིན་འཇིགས་མེད་གླིང་པ། (1729 ) ( 1798 )
སྟོན་པ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །གཙུག་ལག་སྣ་ཚོགས་སྣོད་གྱུར་ཁྱོད་ལགས་ཏེ། །བཀུག་ཀྱང་མ་མཆིས་གང་ལ་དེ་སྒྲོག་ན། །སྐལ་དང་མཚུངས་པའི་བརྗོད་བྱར་དང་སྲིད་དེ། །རྒ་བའི་སྤྲིན་གྱིས་སྤྲོས་པའི་བཞིན་རས་བཀབ། ༡ །ལྷུན་པོའི་ཤར་ནུབ་རེ་ཁཱ་དྲལ་ལྟའི་གོས། །གསེར་རིའི་རྡུལ་ཕྲན་ཞོར་ཆགས་ལ་སྟེགས་པའི། །དབྱངས་ཀྱི་ངེས་པ་བདུན་ལྡན་ནཱ་དའི་སྒྲ། །ཡི་གེའི་གཟུགས་སུ་འཕོས་པས་ཞལ་ཏ་བྱས། ༢ །ཁོམ་པ་བརྒྱད་ལ་འབྱོར་པའི་ཚོན་རིས་ཀྱི། །འདུ་འབྲལ་བགྱིད་ལ་སྐྱོ་བའི་སྐབས་དབྱེ་ནས། །མཛའ་གཅུགས་ཐགས་སུ་བཏགས་ལ་བདེན་གཏམ་གྱི། །ཚངས་ཐིག་དཎྜིའི་རྒྱུད་མངས་འཁྲོལ་བ་ཁྱོད། ༣ །སྐྱེས་བུའི་ཚེ་ནི་གློག་གི་ཟློས་གར་བཞིན། །མུན་པའི་འཚོ་བར་བསྐལ་པས་གཏུགས་པ་ཡི། །བདེ་དང་སྡུག་བསྔལ་ཁྱད་པར་མཁྱེན་འཚལ་ནས། །མངོན་ནས་མངོན་མཐོའི་འཁྲི་ཤིང་ལ་སྙེག་མཛོད། ༤ །དེ་ཡི་རྒྱུ་ནི་སྲོག་ལ་འཚེ་བ་སོགས། །ལུས་ངག་ཡིད་ཀྱི་ལས་ལམ་རྣམ་པ་བཅུ། །སྤུ་གྲིའི་སོར་ཆགས་སྦྲང་རྩི་ཇི་བཞིན་དུ། །གཟིགས་ནས་འཇིག་རྟེན་ཡང་དག་བལྟ་ལ་བརྩོན། ༥ །འབྱོར་པའི་རྒྱུ་ནི་ཆགས་དང་སེར་སྣ་སྟེ། །དེ་ལས་དེ་བྱུང་རི་དབང་ལྟར་སོང་ཡང༌། །གཡོ་དང་འཇིག་དང་ཆོམ་རྐུན་ཐུན་མོང་ཕྱིར། །མཆོད་སྦྱིན་བརྒྱ་པའི་རྗེས་སུ་འཇུག་པར་མཛོད། ༦ །འཁོར་ལོ་དང་པོའི་ཁྲིམས་ཀྱི་སྣོད་གྱུར་ནི། །སྙིགས་མའི་མཚོན་གྱིས་ཕུག་པ་ལྟར་གྱུར་ཀྱང༌། །ཡོན་ཏན་དམ་པའི་གཞི་རྟེན་བྱང་ཆུབ་སེམས། །ཉིན་མཚན་ཐུན་དྲུག་ཀུན་ཏུ་བསྒྲུབ་པར་བགྱི། ༧ །དབང་པོ་ཚར་བཅད་གདུང་བའི་དཀའ་ཐུབ་ལས། །ཞེ་སྡང་དགྲ་ཟླ་བཟོད་པའི་དཀའ་ཐུབ་ནི། །མྱ་ངན་འདའ་བའི་ལམ་ལ་ཆེས་ཉེ་བས། །གཞན་གནོད་གཞི་བཅས་སྤོང་བ་རབ་བྱུང་རྒྱན། ༨ །རྒྱལ་པོའི་ཁབ་དང་ལེ་ལོའི་གྲོང་ཁྱེར་ན། །དམ་པའི་བརྩོན་འགྲུས་བག་ལ་ཉལ་གཟིགས་ནས། །དགེ་བའི་འཁྲི་ཤིང་སློང་བའི་ལྕགས་ཀྱུ་ཡིས། །ཁ་ན་མ་ཐོའི་གཉིས་འཐུང་དཀྲི་བར་བགྱི། ༩། སྡུག་བསྔལ་བདེན་པའི་འབྱུང་གནས་ཀུན་འབྱུང་གི། རྩ་བ་འགོག་པའི་ཐར་པ་ཤེས་པའི་ཕྱིར། །བསམ་གཏན་དོན་ལ་སེམས་དང་ཤེས་རབ་ཀྱི། །བསླབ་པ་བསྒྲུབ་པའི་དམ་བཅའ་ཁོ་ནར་བརྩོན། ༡༠ །རིགས་གཟུགས་ཐོས་དང་ལང་ཚོས་དྲེགས་པ་དང༌། །དབང་ཐང་ཆེན་པོས་རྒྱགས་པའི་གདོད་ལྔ་ནི། །བསོད་ནམས་མ་ཡིན་ཁྲོན་པའི་དཔྱང་ཐག་གི །རྗེས་སུ་ཕྱོགས་ནས་རང་གིས་རང་ཉིད་བཟའ། ༡༡ །བདག་དང་གཞན་དུ་ཕྱོགས་རིས་ཆེར་བལྟས་ཏེ། །བཏགས་དང་སྤྱོས་དང་ཕམ་པའི་ཁོན་འཛིན་གྱིས། །རང་གི་སེམས་ལ་འཁྲུགས་པ་ཆེར་སྟེར་བས། །བདེ་བའི་མལ་དུ་རྟོག་དཔྱོད་སྤང་བར་བགྱི། ༡༢ །སྐྱེ་བོ་རྣམས་ནེ་ཨ་མྲའི་འབྲས་བུ་བཞིན། །མངོན་རྟོགས་ཕྱི་ནང་མཉམ་པ་མ་ཡིན་པས། །བདེན་དང་སྙིང་ལ་འབབ་པའི་ཚིག་ཚོན་པོས། །བདག་གཞན་གཉིས་ཀ་སྲུང་ཞིང་གནོད་པ་ཉུང༌། ༡༣ །སེམས་དང་སེམས་བྱུང་བརྒྱ་ཕྲག་སྒོ་བྱེ་ཡང༌། །ཕུང་ཀྲོལ་བསྐྱེད་ལ་འདོད་པ་ལྟ་བུ་མེད། །དེ་ཡི་གཞན་དབང་གྱུར་པའི་ལུས་ཅན་རྣམས། །མེ་དང་ཆུ་དང་གཡུལ་ངོར་སོང་བ་མང༌། ༡༤ །ཆོག་མི་ཤེས་དང་དགང་བར་དཀའ་བ་དང༌། །གཏོང་ལ་འཇུངས་ཤིང་སྲུང་ལ་བྱི་བ་བཞིན། །བདག་བསྟོད་གཞན་སྨོད་འཁོར་བར་དགའ་བ་ཅན། །བྱིས་དང་སྡིག་པའི་གྲོགས་ལས་འབྲོས་པར་མཛོད། ༡༥ །བདེན་པ་གཟིགས་པ་གང་ཞིག་མ་གཏོགས་པ། །རྙེད་དང་མ་རྙེད་ལ་སོགས་ཆོས་བརྒྱད་ཀྱི། །དགེ་སྦྱོང་བྲམ་ཟེ་བླ་མར་བཏགས་པ་ཀུན། །དཀྲིས་ཤིང་དམ་ལ་མ་བཞག་ཡོད་མ་ཡིན། ༡༦ །སྡིག་པའི་ལྟ་བ་ཅན་དང་མངོན་སུམ་སྤྱོད། །གཞན་གྱི་དོན་དུ་ཡིན་ཡང་དེའི་འབྲས་བུས། །བདག་ཉིད་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱིས། །གཏུགས་ཚེ་བགོ་སྐལ་གཞན་ལ་དཔོད་དུ་མེད། ༡༧ །སྐྱེས་བུ་བཞིན་མཛེས་རྒྱན་གྱིས་སྤུད་པའི་གྲལ། །བསམ་སྦྱོར་མཐུན་པ་བཞིན་དུ་གནས་ན་ཡང༌། །བསམ་པ་སྣ་ཚོགས་དགེ་སྡིག་ཐ་དད་ཕྱིར། །འཇིག་རྟེན་ཕ་རོལ་གནས་རིས་སོ་སོར་འགྲོ། ༡༨ །ལེ་ལོ་ཅན་ཡང་སྡིག་པའི་གྲོགས་དང་ཆང༌། །མཐོང་ན་མཚན་མོ་རྒྱུ་དང་ཆོམ་རྐུན་དང༌། །ཤ་ཟའི་གདོན་ལའང་ཇི་མི་སྙམ་པའི་བློས། །གྲགས་པ་ཉམས་པའི་བརྩོན་འགྲུས་རྩོམ་ལ་གཟིགས། ༡༩ །དེ་ལྟའི་བྱ་བ་ངན་ཞེན་ཤེས་འཆལ་གྱི། །ཕྱོགས་ལ་བསྒྲིམས་ཤིང་བསྲུང་བའི་བློ་བཀོད་ནས། །དད་གཏོང་ཚུལ་ཁྲིམས་ཁྲེལ་ཡོད་ངོ་ཚ་ཤེས། །མང་དུ་ཐོས་དང་ཤེས་རབ་ནོར་བདུན་བསྙེན། ༢༠ །དེ་ཡི་དྲན་པ་ཉེར་གཞག་ལ་སོགས་པའི། །བྱང་ཆུབ་ཕྱོགས་ཀྱི་ཆོས་ལམ་ལ་འཇུག་ཅིང༌། །སློབ་ལམ་བཞི་དང་སློབ་པ་མིན་པའི་ལམ། །མཐར་ཕྱིན་མྱ་ངན་འདས་ལ་སྙེག་པར་འགྱུར། ༢༡ །མདོར་ན་དེ་ལས་མང་དུ་སྨོས་ཅི་དགོས། །ཤེས་རབ་ལྡན་པ་ལོག་པའི་ལམ་ཞུགས་ཀྱང༌། །ཤེས་རབ་ཉིད་ཀྱིས་གང་ལས་ཅིག་ཤོས་ཀྱི། །ལམ་ལ་རང་སྟོབས་ཁོ་ནས་འཇུག་པའི་ཕྱིར། །༢༢ །འདི་ལྟར་དུས་ཀྱི་རྒུད་པ་སྣ་ཚོགས་དང༌། །དུས་བཞིའི་འགྱུར་ལྡོག་སྐྱེ་རྒ་ན་འཆི་ཡིས། །ངེས་འབྱུང་སྤྲིང་ཡིག་འགྲེམས་པ་ལ་གཟིགས་ནས། །ཐར་པ་བསྒྲུབ་པའི་དོན་ལ་འབད་པར་མཛོད། ༢༣ །ཐར་པ་དེ་ཡང་ལུང་མ་བསྟན་པའི་སེམས། །ཉེ་བར་ཞི་བའི་ཆོས་ལ་སྡང་བ་དེས། །རྟེན་འབྲེལ་ལུགས་འབྱུང་རྩ་བ་མི་ཆོད་པས། །སྐྱེ་བ་མེད་པའི་ཆོས་ལ་བསྙེན་པར་མཛོད། ༢༤ །དེ་ལྟར་བསྙེན་ན་རྣམ་ཐར་སྒོ་གསུམ་གྱི། །དབྱིངས་ལ་གོམས་པའི་བདེ་གཤེགས་སྙིང་པོའི་བྱང༌། །སྤངས་རྟོགས་མཐར་ཕྱིན་རིག་པ་གསུམ་བསྐྱེད་དེ། །སྐུ་གསུམ་གྲོང་དུ་བདེ་བླག་འཇུག་པར་འགྱུར། ༢༥ །དེ་སྐད་གང་ལ་སྤྲིང་བའང་ལྷག་པའི་སེམས། །ཉ་རྒྱས་ཟླ་བ་གསར་པ་ལ་ཆགས་པའི། །རི་དྭགས་དྲང་སྲོང་རྒན་པོའི་བདེན་གཏམ་གྱིས། །དྲན་པའི་དབང་པོས་ཁྱོད་ལ་ཤིས་གྱུར་ཅིག ༢༦ །
གཏམ་ཚོགས་ལེའུ་བཅུ་བཞི་པ་ལས་ཁོལ་དུ་ཕྱུང་བའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།