མི་ཤིགས་སེམས་ཀྱི་རྡོ་རྗེ་སྟོང་པའི་གཟུགས།།
སྤྲོས་པའི་དྲི་མས་ཡོངས་དབེན་མཚན་དཔེའི་བདག།
ཟུང་འཇུག་མཉམ་ཉིད་ཉག་གཅིག་ཐིག་ལེའི་སྐུར།།
ཡེ་རྫོགས་རེ་དོགས་བྲལ་བའི་བརྡ་ཕྱག་འཚལ།།
སྣ་ཚོགས་བློ་ཡི་ཀུན་རྟོག་སྒྱུ་མའི་འཕྲུལ།།
སྨྲ་བ་ངག་གི་ལམ་གྱིས་ཉེར་མཚོན་པ།།
གཡོ་བྱེད་རླུང་གིས་བསྐུལ་བའི་རི་མོའི་གར།།
འདི་ན་ཐོལ་བྱུང་སྒྱུར་བའི་མངོན་རྟོགས་ངོམ།།
ཤིན་ཏུ་ཆགས་བྲལ་ཞི་བའི་མཉམ་བཞག་ཀྱང་།།
སྙན་འཇེབས་ཚངས་པའི་གླུ་ཡིས་སད་བྱེད་དེ།།
ཤུགས་དྲག་བརྩོན་པས་འགྲུས་པའི་ངལ་འཚོའི་གཞིར།།
སྨྲ་བའི་ཟླ་བ་འཇིག་རྟེན་དགའ་བའི་རྒྱན།།
གང་ཁྱེད་དམ་པའི་སྒྱུ་འཕྲུལ་དམ་པའི་མགོན།།
བསྟན་ལ་སྟོན་པའི་ཞལ་སྐྱིན་མཚུངས་བྲལ་དུ།།
བསྟན་འཛིན་ཟོལ་མའི་ཁྲོད་ན་བཀྲག་འབར་བའི།།
དགའ་བ་དེས་ཀྱང་གཏམ་སྒོ་འབྱེད་ལ་བྲེལ།།
མདོ་ཁམས་ཉི་མ་ཤར་གྱི་དབྱིག་འཛིན་གཞིའི།།
དཔལ་གྱི་རི་བོས་མཚན་པའི་ཆོས་གྲྭ་ཆེར།།
མཆོག་སྐུའི་མཚན་དཔེའི་དཀྱིལ་འཁོར་ཡོངས་ཤར་བས།།
བསམ་ཞིང་སྤྲོ་བའི་མགྲིན་གླུ་ཅིས་མི་འབྱིན།།
མ་བརྟགས་ཉམས་སུ་དགའ་བ་སྲིད་པའི་གྲོང་།།
བསླུ་བྱེད་ཉིད་དུ་བརྟག་ན་གྲུབ་མོད་ཀྱང་།།
ཡུལ་ལྔས་བྲིད་པའི་ཅོལ་ཆུང་སྣང་ཤེས་ལ།།
ངེས་ཤེས་འཁར་བ་བརྟན་པོ་རྙེད་སྲིད་དམ།།
འབྱོར་ན་དགའ་ཞིང་རྒུད་ན་ཞུམ་གྱུར་ཀྱང་།།
ཇི་ཙམ་འབྱོར་ཡང་ངོམས་མེད་དེ་ཡིས་སླར།།
རྒུད་པ་འདྲེན་པའི་ངལ་བས་ཡིད་ཕྱུང་ནས།།
གྱི་ནའི་འཚོ་གོས་ཙམ་ལ་སེམས་པ་ཤོར།།
དེ་བཞིན་གཉེན་དང་སྙན་པའི་གཏམ་དག་ལ།།
ཆགས་ཤིང་བརྒྱགས་པའི་མངོན་རློམ་ཇི་སྙེད་ཀུན།།
ཡིད་བརྟོན་བྲལ་བའི་ཤ་ཐང་ཆད་གྱུར་ནས།།
བས་མཐའི་ནགས་སུ་བག་ཡངས་རྒྱུ་བ་སྐྱིད།།
སྣང་སྲིད་དག་མཉམ་ལྷ་ཡི་གསང་གསུམ་དུ།།
བལྟ་བའི་བློ་མཐུ་ཞན་པ་འདི་ཡི་ཚེ།།
སུ་དང་འགྲོགས་ཀྱང་སྐྱོན་གྱི་ཚེར་མ་ཡིས།།
འབིགས་སྙམ་ཞི་བའི་ནགས་ལ་ཡིད་ཕྱོགས་གྱུར།།
དྲོད་བཅུད་ཉི་མའི་ཟེར་གྱིས་གསོ་འགྱུར་ཞིང་།།
བསིལ་ཟེར་ཟླ་བའི་ཐིགས་པ་འགྲེམ་བྱེད་པའི།།
ཡིད་འོང་བྲག་རིའི་ཁང་བཟང་ཉམས་དགའ་བ།།
གཡོ་མེད་དྲང་པོར་སྲོང་བའི་རྒྱལ་ས་ལགས།།
མཐོ་ལ་ཕྲག་དོག་མཉམ་པར་འགྲན་སེམས་དང་།།
དམན་ལ་བརྙས་བཅས་འབྱོར་རྒུད་འདུ་འབྲལ་གྱི།།
ཟུག་རྔུའི་ཚོར་བ་དྲག་པོའི་མྱ་ངན་སྒྲས།།
དཔྱོད་ལྡན་སུ་ཞིག་མི་སུན་ཅི་ལ་སྲིད།།
འགའ་ལས་ལོག་འཚོས་བསྒྲུབས་པའི་མ་དག་ནོར།།
འགའ་ཡི་གྲགས་སྐམ་ཉོ་བའི་ཚོང་ཟོང་གིས།།
སྙིང་པོའི་བསྟན་ལ་བསྲི་ཞུ་ཆུང་མཐོང་ནས།།
ཡང་དག་འཕགས་པའི་ནོར་ལ་རློམ་སེམས་སྐྱེས།།
དག་སྣང་སྔགས་ཀྱི་ལམ་ཡིན་ཏིང་འཛིན་མཐུ།།
བསམ་མི་ཁྱབ་ཀྱང་བསྐྱེད་རྫོགས་གདེང་མེད་པའི།།
ཐོ་ཅོའི་འུར་འབོད་གྲོང་བའི་བྲིན་ཆོག་འདིས།།
གཞན་མགོ་བསྐོར་སྙམ་རང་མགོ་འཐོམ་པར་ཟད།།
རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་ཚངས་སྤྱོད་གོས།།
རྟགས་ཀྱིས་ཆེ་བའི་རྟགས་ཙམ་འཛིན་པ་ཡི།།
ཁྱིམ་པ་གོས་དམར་ཁྱིམ་པ་སུན་འབྱིན་མཁན།།
མངོན་པའི་ང་རྒྱལ་ཅན་དེས་བསྟན་འདི་དཀྲུགས།།
གྲངས་མེད་མུན་པའི་བློ་ཅན་སྐྱེ་བོ་དག།
ལོང་བའི་གྲོང་ཁྱེར་ཆེན་པོར་འཛུད་པ་ཡི།།
ལོང་བས་ལོང་བའི་ལམ་སྟོན་སྡིག་པའི་བཤེས།།
མཐོང་ཚེ་ངུ་མ་དགོད་ཀྱི་ཚོར་བ་སྦྱིན།།
བཀུར་སྟིའི་དར་གྱིས་ལྕིབས་ཀྱང་ངན་པའི་གཤིས།།
དུག་ཅན་སྦྲུལ་བཞིན་རིང་མིན་མངོན་འགྱུར་བའི།།
རང་འདོད་གདུག་རྩུབ་ཆེ་བའི་དཔོན་མ་བླར།།
རིང་དུ་བྱོལ་ན་རང་ཉིད་བདེ་བར་འཁུམ།།
ཉེ་ན་མགུ་འཁང་མང་ཞིང་བརྙས་ཐབས་བྱེད།།
རིང་ན་བྱས་པ་མི་གཟོ་རང་ཆེར་རློམ།།
བར་མའི་ས་རུ་མི་སྡོད་ཨུ་ཚུགས་ཅན།།
འཁོར་སློབ་འདི་ཡང་སུན་པ་སྐྱེ་བའི་རྒྱུ།།
སྟེང་ན་དཔོན་མེད་འོག་ན་འབངས་མེད་ཅིང་།།
རེ་ལྟོས་གཉེན་མེད་བྱམས་སྡང་ཡུལ་མེད་པར།།
རང་དབང་རང་ཆེའི་རེ་དོགས་མཐའ་གྲོལ་བ།།
ཡངས་བའི་རྒྱལ་ཁམས་ཀུན་གྱི་བླ་ན་བརྗིད།།
ལྟར་སྣང་ཀུན་དང་མཐུན་པས་འགྲོག་པ་བདེ།།
ཡ་རབས་རང་གཤིས་གཙང་མའི་སྤྱོད་པ་བཟང་།།
ཚུགས་ཐུབ་དམ་བཅའ་བརྟན་པའི་ངང་ཚུལ་ལ།།
ལྷས་ཀྱང་དགའ་བའི་མེ་ཏོག་ཅིས་མི་འཐོར།།
སྐྱེས་བུའི་ཚེ་སྲོག་མི་བརྟན་ཉག་ཕྲའི་རྒྱུན།།
ལན་གཅིག་རྙེད་པའི་རིན་ཐང་གཞལ་བྱའི་ཕྱིར།།
ཉམ་ཐག་འགྲོ་ལ་བརྩེ་བའི་གཞན་ཕན་བློ།།
ཡུན་དུ་བསྲེལ་བ་དམ་པ་མཁས་པའི་སྲོལ།།
ད་དུས་རྒྱལ་བསྟན་རྒུད་ལ་ཕྱོགས་གྱུར་ཅིང་།།
བསྟན་སྲོག་རླན་བྲལ་ལྗང་བུ་བཞིན་མཐོང་ན།།
སྙིང་སྟོབས་བརྟན་པོའི་གོ་ཆ་ཆེར་བསྒོས་ནས།།
ཞུམ་པ་མེད་པ་དཔའ་ཆེན་དེད་དཔོན་མཆོག།
སྣ་ཚོགས་རེ་བའི་ཡིད་ཅན་མང་པོའི་འགྲོར།།
དགྲ་གཉེན་རིས་སུ་མ་ཆད་བཏང་སྙོམས་བློས།།
ཐབས་ལ་མཁས་པས་གཞན་དོན་ལྷུར་བྱེད་པར།།
ནམ་ཞིག་དགྲ་བོ་ཡིན་ཡང་འདུད་པར་ངེས།།
འགྲོ་ལ་མ་བཞིན་བུ་ལྟར་བརྩེ་བ་ཡི།།
བྱམས་དང་སྙིང་རྗེས་རང་རྒྱུད་གཏམས་བྱས་པའི།།
ཉེས་བརྒྱའི་གཉེན་པོ་བྱང་ཆུབ་སེམས་ཀྱི་སྨན།།
ཁོང་དུ་བསྐྱིལ་བས་འདི་ཕྱིའི་ཟུག་རྔུ་འབྱིན།།
རྣམ་དག་ཚུལ་ཁྲིམས་གཙང་མས་གཞི་བྱས་ཏེ།།
ཕ་རོལ་ཕྱིན་པ་དྲུག་གི་གྲོགས་དང་བཅས།།
སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའི།།
སྐྱེས་བུ་མཆོག་དེ་གོང་ནས་གོང་དུ་འགྲོ།
རྣམ་བཞིའི་བསྡུ་བའི་ཕྲིན་ལས་ཀུན་དགའི་སྨན།།
ལུགས་ཟུང་རྒྱལ་ཐབ་སྐྱོང་ལ་ཆེར་མཛེས་ཀྱང་།།
ཧ་ཅང་མི་བསྲུན་འདོད་ཆེན་སྐྱེ་བོ་འགར།།
དུག་ཏུ་གྱུར་ནས་ལོག་པར་བསྒྲུབ་པའང་སྲིད།།
ཐར་བའི་ལམ་གྱི་མིག་གཅིག་རྒྱལ་བའི་བསྟན།།
ལུང་དང་རྟོགས་པའི་བདག་ཉིད་ཟབ་རྒྱས་ཆོས།།
ཤེས་རབ་གསུམ་གྱིས་སྒྲུབ་པ་མཐར་ཕྱིན་པའི།།
བསྟན་འཛིན་སྐྱེས་བུ་མཚུངས་བྲལ་བསྟན་པའི་རྒྱན།།
ཚིག་གི་ལམ་ནས་དོན་གྱི་བཅུད་མྱོང་བའི།།
ཐོས་པའི་ཤེས་རབ་ཐོག་མར་བསྟེན་བྱ་སྟེ།།
ཐོས་དོན་བསམ་པས་གཏན་ལ་དབབ་བྱས་ན།།
སྒོམ་བྱུང་ཤེས་རབ་ཡར་ངོའི་ཟླ་བཞིན་འཕེལ།།
རྙོགས་བྲལ་ཞི་བར་གནས་པའི་བསམ་གཏན་ལ།།
མཚན་བཅས་མཚན་མ་མེད་པའི་ཏིང་འཛིན་བརྟན།།
ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་ཀྱིས།།
གཉིས་བློའི་རྒྱུ་བ་ཟད་ལ་གཅིག་ཏུ་བརྩོན།།
འཁོར་ལོ་བར་བའི་བསྟན་བྱ་སྟོང་པ་ཉིད།།
མཐའ་བྲལ་དབུ་མས་གཏན་ལ་ཕབ་པའི་དོན།།
མདོ་སྔགས་གཞུང་དང་གདམས་པ་དཀྱུས་གཅིག་ཏུ།།
འབབ་པའི་མན་ངག་ཚད་མས་བཙལ་བར་བྱ།།
མ་བཅོས་སེམས་ཀྱི་གནས་ལུགས་རྣལ་མའི་དོན།།
སྣང་སྟོང་རིས་སུ་མ་ཆད་བདག་མེད་དོན།།
རང་གསལ་བློ་འདས་རིག་སྟོང་རྗེན་པའི་ཞལ།།
རང་ངོ་ཤེས་པ་དེ་སྲིད་འབད་པ་གཅེས།།
སྣང་བའི་ཡུལ་གྱིས་ཕྱི་ནས་མ་ལྷད་ཅིང་།།
འཛིན་པའི་སེམས་ཀྱིས་ནང་ནས་མ་བཅིངས་པའི།།
ད་ལྟའི་ཤེས་པ་བཟོ་མེད་སྤྲོས་བྲལ་དུ།།
རང་བབ་བཞག་པ་རང་གསལ་མངོན་སུམ་གནད།།
ཕྱོགས་ཆ་དབུས་བྲལ་དུས་གསུམ་འཕོ་འགྱུར་མེད།།
འཛིན་ཞེན་རང་ཡལ་སྒོམ་མེད་ཡེངས་སུ་མེད།།
མ་བཅོས་ལྟ་བའི་རྒྱལ་པོའི་ངང་བསྐྱང་བ།།
ཆོས་སྐུའི་དགོངས་པ་གཡོ་མེད་དེ་བཞིན་ཉིད།།
མཚན་མའི་སྒྲོ་འདོགས་གྲུབ་མཐའི་ཞེ་འདོད་ཞིག།
གཟུང་འཛིན་ཀུན་རྟོག་སེམས་ཀྱི་རྙོགས་མ་ཞི།།
རང་བབ་ངང་ལ་ལྷོད་ཀྱིས་སུས་བཞག་པར།།
ཡུལ་མེད་རང་བྱུང་ཡེ་ཤེས་རྗེན་སང་འཆར།།
དེ་ཚེ་སྐྱེ་མེད་གཤིས་ཀྱི་རང་མདངས་ལས།།
འགག་མེད་རྩལ་གྱི་སྣ་ཚོགས་རོལ་བ་ཀུན།།
འཛིན་མེད་རང་སར་ཡལ་བའི་རྩལ་སྦྱངས་པས།།
ཆབ་རོམ་ཆུར་བཞིན་གཉིས་མེད་མཉམ་པ་ཉིད།།
རྗེས་ཐོབ་ཚོགས་དྲུག་ཡུལ་གྱི་སྣང་ཆ་ཀུན།།
རིག་པའི་གཤིས་སུ་གློད་པས་རྩོལ་མེད་དུ།།
གནས་འགྱུ་ཁྱད་མེད་མཉམ་རྗེས་དབྱེར་མེད་པར།།
སྤང་གཉེན་འཁོར་འདས་གཞི་རྫོགས་ཆོས་སྐུར་གྲོལ།།
རྒྱུ་འབྲས་ཐེག་པའི་རྣམ་གྲངས་མཐའ་ཡས་ཀྱང་།།
ཐེག་མཆོག་རྩེ་མོ་འོད་གསལ་སྙིང་ཐིག་གི།
སྦྱོར་དངོས་རྗེས་ཀྱི་རིམ་པར་ཀུན་མཐུན་པས།།
དབུ་ཕྱག་རྫོགས་གསུམ་ལམ་གནད་གཅིག་ཏུ་དྲིལ།།
སྤྱོད་པ་ཟང་མས་ལྟ་བ་འཆིང་བྱེད་ཅིང་།།
ལྟ་བ་ཧད་པོས་སྤྱོད་པ་རླུང་ཁྱེར་གྱི།།
འགལ་འདུའི་ལྟ་སྤྱོད་གོལ་སྒྲིབ་ཀུན་ཆོད་ལ།།
སྡོམ་གསུམ་མི་འགལ་ངེས་པའི་གནད་དུ་སྐྱོལ།།
ཀ་དག་ངོ་བོ་སྐྱོང་བ་ཁྲེགས་ཆོད་དང་།།
ལྷུན་གྲུབ་རྒྱན་དུ་ཤར་བའི་ཐོད་རྒལ་གཉིས།།
མི་སློབ་ཟུང་འཇུག་ལམ་གྱི་རྩ་བ་སྟེ།།
རིམ་དང་གཅིག་ཆར་དབང་པོའི་རིམ་པས་ཕྱེ།།
བླ་མ་ཕྱི་རུ་མི་བཞུགས་ནང་དུ་སྟེ།།
མཚོན་བྱེད་བརྡ་ཡི་བླ་མར་ལྟོས་མིན་པར།།
ནང་དུ་རིག་པའི་དབྱིངས་དང་དབྱེར་མེད་པའི།།
མཚོན་བྱ་དོན་གྱི་བླ་མ་འདུ་འབྲལ་མེད།།
མི་འགྱུར་ལྷུན་གྲུབ་མཁའ་མཉམ་ཡངས་པའི་དོན།།
སྤྱི་བླུགས་རྫོགས་པ་རིག་པ་རྩལ་གྱི་དབང་།།
དགོངས་ཀློང་གཅིག་ཏུ་འདྲེས་པ་བརྡ་ཡི་ཆོས།།
བསྐུར་ཐོབ་བྲལ་བའི་ངང་ནས་ནོད་པ་གཅེས།།
སྒྲིབ་གཉིས་དབྱིངས་དག་ཚོགས་གཉིས་ངང་གིས་རྫོགས།།
བདེན་གཉིས་དབྱེར་མེད་བློ་བྲལ་ཆོས་སྐུར་མཐོང་།།
གཉིས་སྣང་འཁྲུལ་བའི་གཞི་རྩ་ཆོད་པ་ན།།
དག་པ་གཉིས་ལྡན་ད་ལྟའི་སངས་རྒྱས་དངོས།།
ནམ་ཞིག་ལུས་རྒྱའི་སྦུབས་ལས་གྲོལ་བའི་ཚེ།།
ཁྱུང་ཕྲུག་སྒོ་ངར་གཤོག་རྩལ་རྫོགས་པ་བཞིན།།
ནང་གསལ་ཕྲ་བའི་ཡེ་ཤེས་མ་རྨུགས་པ།།
གནམ་སྟོང་ཟླ་བ་ཇི་བཞིན་དབྱིངས་སུ་འཁྱིལ།།
མ་དང་མཁའ་འགྲོའི་ཞལ་རླངས་མ་ཡལ་ཀུན་བཟང་དགོངས་བཅུད་སྙིང་ཐིག་ཆེའི།།
ཀློང་ཆེན་དགོངས་པའི་གསང་མཛོད་བརྟོལ་བས་མཚུངས་བྲལ་མན་ངག་ཟབ་དགུ་ཚང་།།
དགུ་ལྡན་བརྒྱུད་པའི་བྱིན་རླབས་མ་ཡལ་སྙན་བརྒྱུད་གདམས་པའི་བརྒྱུད་ཐག་ཉེ།།
བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་ཐོབ་ལས་དགོངས་པའི་འདྲ་འབག་དབྱངས་སུ་གྱེར།།
མ་མཐོང་རྒྱང་གི་གཏམ་རྒྱུད་རྣ་བའི་རྒྱན།།
སྙིང་མེད་བྲག་ཆའི་སྤུན་གྱུར་བདོལ་བའི་གཏམ།།
འདི་ཡང་རྟེན་འབྱུང་སྒྱུ་མའི་ངང་ཚུལ་ཏེ།།
བརྟགས་ཤིང་དཔྱད་ན་དབྱེར་མེད་སྣང་སྟོང་མཚོན།།
སྐྱེ་བས་ཐོབ་པའི་མཁྱེན་རབ་ཉག་མ་ཤིན་ཏུ་ཆེས་ཕྲའི་མཐར་ཐུག་ཅིང་།།
སྦྱང་སྟོབས་གོམས་པའི་ཐོས་བསམ་བརྩོན་པ་ནམ་མཁའི་པདྨོའི་རྗེས་འགྲོ་བས།།
ས་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཟབ་ལས་ཆེས་ཟབ་གསང་བ་ཆེར།།
བྱིས་བློས་གཞལ་བའི་འོལ་ཚོད་སྨྲ་བ་སྤྱི་བརྟོལ་མུ་ཅོར་འདི་ཙམ་ལགས།།
མཐའ་ཡས་བརྒལ་དཀའ་ཤེས་བྱ་རྒྱ་མཚོའི་འཇིངས།།
རྣམ་དཔྱོད་གྲུ་བོས་སྒྲོལ་བའི་བར་གསེང་དུ།།
ཉམས་མཚར་གཏམ་གྱི་ཡིད་འོང་མཚོ་གླིང་ཡང་།།
བཤུལ་རིང་ངལ་འཚོའི་འབབ་སྟེགས་འགྱུར་སྙམ་བྲིས།།
གནག་རྗེས་ཕྲ་མོ་ཆུ་ཡིས་དགང་སླ་བློ་ཆུང་རིག་པས་མགུ་སླ་ཡང་།།
རྒྱ་མཚོའི་སྣོད་ནི་དེ་ལྟ་མ་ཡིན་མཁས་པའི་དགོངས་ཕུགས་དེ་བས་ཟབ།།
དེ་ཕྱིར་ལུགས་གཉིས་གླེང་གཞིའི་འཕྲོས་དོན་མདོ་སྔགས་གཞུང་ལུགས་གདམས་པའི་མཛོད།།
བདག་གིར་བགྱིད་ལ་ཕྱི་མཐར་ལྟོས་མིན་མྱུར་བའི་ཤུགས་འཆང་གཏམ་འདིས་བསྐུལ།།
དེང་དུས་རྒྱལ་བསྟན་ཉི་མ་ཟེར་ལ་ཕྱོགས།།
ངན་རྟོག་འབྱུང་པོའི་བྱ་ཡི་མིག་སྒོ་ཡངས།།
ཡ་རབས་བློ་མིག་མུན་པར་ཕྱོགས་པའི་ཚེ།།
གང་ཁྱོད་ཟླ་བའི་འོད་དཀར་འདི་ན་ཚེས།།
ཕྱོགས་འཛིན་ངོ་དགའི་འཕྲུལ་ལ་མི་དགྱེས་ཤིང་།།
ཆོས་བརྒྱད་སྨྱོན་པའི་གར་དང་མཛའ་མིན་པར།།
མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་མངའ་བ།།
ཁྱོད་ཐུགས་དམ་པའི་རང་གཤིས་གསེར་ལྟར་གསལ།།
སྔོན་དུས་འཕགས་ཡུལ་དཔལ་ལྡན་ཟླ་བ་གྲགས།།
དེ་རྗེས་བོད་ཡུལ་དབུས་སུ་ཀློང་ཆེན་ཞབས།།
ཕྱི་དུས་མདོ་ཁམས་སྨད་ན་གཞན་ཕན་པ།།
དེང་འདིར་པདྨའི་མཚན་འཆང་ཁྱོད་རབ་བསྔགས།།
ས་འདི་མཁས་གྲུབ་བྱེ་བའི་བསྟི་གནས་ལ།།
གླིང་འདི་འཆད་རྩོད་རྩོམ་པའི་འབྱུང་གནས་ཏེ།།
མཁས་མང་ཚོགས་པའི་ཁྱུ་མཆོག་གདོང་ལྔ་པ།།
རྒྱལ་བསྟན་གངས་རིའི་སྤོ་ན་ལྷག་པར་རྔམ།།
བསྟན་པ་མི་ཤེས་བསྟན་བླ་རིན་མེད་འཚོང་།།
ཆེན་པོའི་གསོབ་འཆང་ལོག་པའི་ཨོ་རྫོབ་ཅན།།
ཡང་དག་ལུང་དང་རིགས་པས་ཚར་བཅད་པ།།
བསྟན་ལ་བྱི་དོར་བགྱིས་པའི་མཆོག་ཏུ་སེམས།།
བླུན་པོ་ལོག་འཚོས་བརྒྱགས་པའི་ངུར་སྐད་ཀྱིས།།
ཉམ་ཆུང་མཁས་པའི་དབུ་འཕང་སྨད་པ་ཡི།།
བསྟན་སེལ་རྙོགས་མ་བསླངས་བའི་བ་གླང་གདོང་།།
ནམ་ཙམ་རིགས་མཐུན་ཁྱུ་རུ་འབུད་པར་ནུས།།
མཐོ་ལ་བསྒུར་ཞིང་དམན་ལ་འགྱིང་བག་སྟོན།།
མཁས་པའི་གཏམ་ལས་བླུན་པོའི་གསེར་དངུལ་གཅེས།།
ཟས་ཕྱིར་འབྲང་བའི་དོན་མེད་ཀུ་ཅོ་མཁན།།
དེ་ཡང་དེ་ཡི་ཕྱོགས་སུ་གླན་པར་འོས།།
རང་མགོ་དངུལ་གྱིས་འདོན་པའི་སྤྲུལ་རྫུན་དང་།།
ཕ་མེས་ཁ་སྟབས་མཁས་པའི་རིག་འཛིན་གདུང་།།
ཕྲག་དོག་འཁུན་སྒྲ་ལྡིར་བའི་བླ་གཟུགས་བཅས།།
འདི་དག་བསྟན་པ་ཉམས་པའི་ལྟས་སུ་མཐོང་།།
དེ་སླད་ཐོས་བསམ་སྒོམ་པས་དུས་འདའ་ཞིང་།།
མཁས་བཙུན་བཟང་པོའི་ཡོན་ཏན་ཁྱད་དུ་འཕགས།།
འཆད་རྩོད་རྩོམ་པས་བསྟན་པ་འཛིན་བྱེད་པའི།།
འདུས་པའི་སྡེ་ཡིས་ས་སྟེང་ཁེངས་ལ་སྨོན།།
དབང་བཞིས་རྒྱུད་སྨིན་དམ་སྡོམ་རྣམ་པར་དག།
གདམས་པས་རྒྱུད་གྲོལ་གྲུབ་པའི་ལམ་རྟགས་བརྙེས།།
དཀྱིལ་འཁོར་རྒྱ་མཚོའི་བྱེད་པོར་དབང་བསྒྱུར་བ།།
བསྟན་འཛིན་དམ་པས་གདུལ་བྱ་སྐྱོང་བར་འདུན།།
མི་བསྲུན་སྡིག་ཅན་ལོག་པའི་མངའ་ཐང་ཅན།།
སྡོམ་པ་མིན་པའི་ཆང་གིས་མྱོས་གྱུར་དག།
ཡང་དག་ལྟ་བའི་དམིགས་རྣམ་རྙེད་དང་ལྷན།།
ཐར་བའི་སྲོག་རྩ་བརྟན་པར་ཤོག་ཅིག་གུ།
ཧ་ཅང་སྨྲ་ཐལ་ཆེས་ན་རང་ཡང་སུན།།
འབྲེལ་མེད་གཏམ་གྱིས་ངག་འཆལ་སྣ་ཚོགས་སྡུད།།
དོན་མེད་སྐྱེ་བོར་སྙིང་སྐྲན་འཇུག་སྲིད་པས།།
རེ་ཞིག་སོར་མོའི་འདུ་འགོད་འདི་རུ་བསྐྱུངས།།
ལྟར་སྣང་བཅད་རྒྱ་དམ་མཚམས་ལ།།
ཕྱི་ནང་འཕྲིན་སྒོ་བསྡམས་ལགས་ཀྱང་།།
དམ་པའི་བཀའ་ཟློག་ཉེས་ལྕིའི་ཕྱིར།།
ཐུན་བར་དུས་ཐུང་སྤྱད་དེ་བྲིས།།
ཞེས་མཆོག་སྤྲུལ་ཉི་ཟླ་སྐར་གསུམ་གྱི་ནང་ཚན་མཁན་ཆེན་གཞན་དགའི་ཡང་སྲིད་རིན་པོ་ཆེའི་བཀའ་བཞིན་དཔེ་ཁྲིད་ཀྱིས་བྲེལ་བའི་སྐུ་ངལ་གསོ་བའི་ཆེད་དུ། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཤར་ཐོས་བསམ་ནོར་བུའི་གླིང་གི་ཉེ་ཞོལ་རང་སྤྱིལ་ཆུང་ངུའི་དགའ་ཚལ་གྱི་མཚམས་མལ་ནས། གུང་ཐུན་ཞིག་གི་བར་སེང་ལ་སྙུག་ཤར་རྒྱུག་ཐེངས་གཅིག་གི་མཚར་རྩེད་དུ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས་སྤེལ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།