༈ སྐྱབས་རྗེ་གྲུབ་དབང་༸ རྫོགས་ཆེན་ཡིད་བཞིན་ནོར་བུ་རིམ་བྱོན་གྱི་གསོལ་འདེབས་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་ཞེས་བྱ་བ་བཞུགས་སོ།།
བགྲང་ཡས་ཚོགས་ཟུང་ཆུ་གཏེར་ལས་ཐོན་པའི། །
ངོ་མཚར་མཚན་གྱི་ཟེགས་མ་རེ་རེས་ཀྱང་། །
ངན་འགྲོའི་སྡུག་བསྔལ་མིང་གི་མཐར་བྱེད་པའི། །
བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དུ་གྲགས། །
འཕོ་ཆེན་དྭངས་མའི་སྐུར་བཞེངས་བི་མ་ལ། །
སྤྲོས་བྲལ་དོ་ཧའི་གླུར་ལེན་ས་ར་ཧ། །
རྒྱལ་བསྟན་གསལ་བྱེད་མངའ་བདག་ཁྲི་རལ་སོགས། །
རྣམ་མང་སྤྲུལ་པའི་ཟློས་གར་ཉེར་བཟུང་མཐར། །
མདོ་སྨད་ཆབ་མདོར་བཟོ་རིག་ཕུལ་བྱུང་གི། །
སྲིད་དུ་སྐུ་འཁྲུངས་རྩེ་གཅིག་སྒྲུབ་ལ་བརྩོན། །
སྣོད་བཅུད་ཞིང་དང་སྐུ་ཡི་ངོ་བོར་དག། །
གྲུབ་དབང་པདྨ་རིག་འཛིན་གསོལ་བ་འདེབས། །
པདྨའི་རྒྱལ་ཚབ་གཏེར་བདག་གླིང་པ་ཡི། །
ལུང་བཞིན་སོག་པོའི་ཡུལ་འཁྲུངས་སྔོན་གནས་དྲན། །
སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྟག་བསྐོར་བའི། །
འགྱུར་མེད་ཐེག་མཆོག་བསྟན་འཛིན་གསོལ་བ་འདེབས། །
རྡོ་བྲག་རིག་འཛིན་མཆོག་གི་དགོངས་དོན་བཞིན། །
ཟླ་ཀླུང་འབབ་རྒྱུད་ཧོ་པའི་སྡེ་བར་འཁྲུངས། །
མདོ་སྨད་ལྗོངས་སུ་བཀའ་མའི་སྒྲུབ་ཆེན་གྱི། །
སྲོལ་བཏོད་ངེས་དོན་བསྟན་འཛིན་གསོལ་བ་འདེབས། །
ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་ཡི། །
ལུང་གིས་རབ་བསྔགས་འདན་ཡུལ་འབྲི་ཀླུང་འགྲམ། །
སྐུ་འཁྲུངས་དུས་ཀུན་ཏིང་འཛིན་གཡོ་བ་མེད། །
མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །
འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །
ལུང་ལྟར་ཁམས་ཀྱི་རི་བོ་ཆེ་ཕྱོགས་འཁྲུངས། །
སྣང་སེམས་དབང་སྡུད་ཕྲིན་ལས་མངའ་དབང་འབྱོར། །
ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས། །
གོང་མའི་ལུང་བཞིན་དཔལ་གྱི་ཙ་རིར་འཁྲུངས། །
ལོ་བདུན་དུས་ནས་འཆད་རྩོམ་ཐོག་པ་མེད། །
གྲུ་འཛིན་གཉིས་པར་ཆེན་པོའི་འཇའ་ས་བཞེས། །
འཇིགས་བྲལ་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །
གསང་འཛིན་གསང་བའི་བདག་དང་མི་གཉིས་པའི། །
མཚུངས་བྲལ་མཁན་ཆེན་ཡོན་ཏན་མགོན་པོ་ཡི། །
ལུང་གིས་བསྔགས་ལྟར་ཤར་ཕྱོགས་མདོ་སྨད་འཁྲུངས། །
པདྨ་གར་དབང་རྡོ་རྗེར་གསོལ་བ་འདེབས། །
འཁྲུལ་མེད་དམ་པའི་ལུང་གིས་རབ་བསྔགས་ཤིང་། །
དཔང་གྱུར་མཁས་དང་བཙུན་པའི་རྟགས་ཀྱིས་ཕྱུག། །
མཐའ་ཡས་ཕྲིན་ལས་བཟང་པོའི་ཤེ་མོང་ཅན། །
རབ་དཀར་ཀེ་ལ་ཤ་ཡི་ཁྲོད་ན་བརྗིད། །
ཀུན་བཟང་པདྨ༵འི་རོལ་ག༵ར་གྲུབ་པའི་དབ༵ང་། །
འོ༵ད་གས༵ལ་ཐེག་མཆོག་བསྟན་འཛིན་ཡོངས་ཀྱི་ཕུལ། །
རང་བྱུང་རི༵ག་པ༵འི་དེ་ཉིད་མངོན་གཟིགས་མགོན། །
མི་འགྱུར་རྡོ༵་རྗེ་བཞིན་དུ་འཚོ་བཞེས་གསོལ། །
བསྟ༵ན་འཛི༵ན་མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར། །
ལུ༵ང་རྟོ༵གས་ཆོས་ཀྱི་རྒྱལ་མཚན་སྒྲེང་བར་དཔའ། །
མཁྱེན་བརྩེ་ཉི༵་མ༵་གསར་བའི་འོད་སྣང་ཅན། །
ས་གསུམ་བསྟན་འགྲོའི་དཔལ་དུ་རྟག་བཞུགས་གསོལ། །
བསམ་ཡས་འགྲོ་བའི་རེ་བ་ཡོངས་བསྐང་པའི། །
ཐེག་གསུམ་ཆོས་ཀྱི་འཁོར་ལོ་རྟག་སྐོར་ཞིང་། །
རྣམ་བཞིའི་ཕྲིན་ལས་སོ་མའི་འཇོ་སྒེག་གིས། །
སྣ་ཚོགས་མོས་པའི་ཡིད་དབང་འགུག་གྱུར་ཅིག། །
གྲུབ་གཉིས་དངོས་ཀུན་བདེ་ལེགས་འབྱུང་བའི་གནས། །
ཁྱད་ཆོས་དྲུག་ལྡན་གསང་ཆེན་སྙིང་པོའི་ནོར། །
མི་ནུབ་བཤད་སྒྲུབ་གོས་བཟང་རྩེར་མཆོད་ཏེ། །
དགེ་མཚན་འཛད་དུ་མེད་པའི་བཀྲ་ཤིས་ཤོག །
ཅེས་༸ གསང་ཆེན་སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་རིམ་བྱོན་ངོས་འཛིན་གནང་བ་པོ་དང་སྐུ་འཁྲུངས་ཡུལ་དང་མཛད་རྣམ་གཙོ་བོ་བཅས་གསལ་བའི་གསོལ་འདེབས་འདི་ཉིད་རྫོགས་ཆེན་མཁན་སྤྲུལ་མིང་འཛིན་ཨོ་རྒྱན་རིག་འཛིན་ནམ་མིང་གཞན་པདྨ་འགྱུར་མེད་ལུང་རྟོགས་བསྟན་པའི་ཉིན་བྱེད་དུ་འབོད་པ་དེས་རྒྱ་ནག་ལྷོ་ཕྱོགས་ཧོང་ཀང་གྲོང་ཁྱེར་དུ་ཕྱི་ལོ་༢༠༡༡ ལོའི་ཟླ་བ་༡༢ པའི་ཚེས་༡༩ ལ་བྲིས་པའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།