དུས་དང་ཕྱོགས་ཀྱི་མཚན་མས་ཡོངས་དབེན་པར། །
དུས་ཀྱིས་བསྡུས་པའི་དངོས་སྣང་ཆོས་སོ་ཅོག །
དུས་མེད་རོ་མཉམ་གཟིགས་ཤིང་སྟོན་པ་མཆོག །
དུས་གསུམ་རྫོགས་པའི་སངས་རྒྱས་རྣམས་ལ་འདུད། །
གང་གི་རང་བཞིན་འདུས་མ་བྱས་པའི་དབྱིངས། །
གང་གིས་རྟོགས་པའི་དག་གསལ་གཉེན་པའི་ལམ། །
གང་ཞིག་སྲིད་པ་ཞི་བའི་མཆོག་སྦྱིན་པ། །
གང་ལ་ཤེས་ནས་དད་པས་འཇུག་པར་འཚལ། །
ཀུན་མཁྱེན་ཟླ་མེད་སྟོན་པའི་རྗེས་ཕྱོགས་ཏེ། །
ཀུན་ནས་དག་པའི་རྡུལ་བྲལ་མིག་བཟང་ཐོབ། །
ཀུན་ཏུ་དགེ་བའི་རིག་གྲོལ་ཡོན་གྱི་མཛོད། །
ཀུན་བཟང་ཚོགས་ཀྱི་མཆོག་དེས་ཤིས་པར་སྩོལ། །
ལས་རླུང་དུས་བཞིའི་རྒྱུ་བའི་རྐྱེན་དབང་གིས། །
མི་བརྟན་འགྱུར་བའི་སྣང་བརྙན་སོ་མའི་སྤྲིན། །
འདུ་བྱེད་བློ་ཡིས་ཕྱེད་པའི་ཁྱད་པར་གྱིས། །
ཅིར་ཡང་བསྒྱུར་བ་སྨོན་འདུན་དཀར་པོས་བསུ། །
དྲི་ཞིམ་སྨན་སྤོས་བསང་གི་མཆོད་སྤྲིན་གཏིབས། །
སྭ་སྟིའི་དབྱངས་བདུན་འཁྱུད་པའི་ལེགས་སྨོན་གྱེར། །
ཤིས་པའི་མཚན་སྤྲས་དར་གྱི་གཡབ་མོར་བཅས། །
ཕུན་ཚོགས་གཡང་དུ་འགུག་པའི་ཆོ་ག་བྲེལ། །
འཛམ་གླིང་སྐྱེ་དགུའི་བསོད་ནམས་རིན་ཆེན་སྤོར། །
ཡོངས་འདུའི་དཔག་བསམ་ཤིང་ཆེན་འདོད་འབྱུང་གཏེར། །
རྒྱལ་རྔ་འབྲུག་ཆེན་སྒྲོག་པའི་ངོ་མཚར་ཟུང་། །
འབྲེལ་བའི་རྟེན་འབྱུང་ལོ་གསར་དགེ་གྱུར་ཅིག །
ཤེས་འབྱོར་སྟོབས་ཀྱིས་དྲེགས་པའི་དཔུང་སྟུག་པོས། །
རྣམ་དཀར་ཡངས་པའི་གདུགས་ཆེན་འདེགས་པ་ཡིས། །
ཞི་བདེའི་དཔལ་ཡོན་རྒྱས་པའི་གྲིབ་བསིལ་གྱིས། །
ལོག་སྨོན་ཡིད་སྲུབ་གདུང་བ་མིང་མེད་ཤོག །
རྟེན་འབྱུང་དེ་ཉིད་ཤེས་པའི་བློ་རིག་གསལ། །
བརྩེ་ཆེན་ཐབས་ཀྱི་འཕྲུལ་དང་འགྲོགས་པའི་མཐུས། །
སྟོང་ཆེན་མཚན་མ་བྲལ་བའི་ཕྱག་རྒྱའི་གར། །
རྫོགས་ལྡན་གསར་པའི་མགྲོན་གྱི་སྟབས་སུ་བཀྱེ། །
ར་བ་དཀར་པོའི་ཞིང་མཆོག་མཐོ་རིས་གྲོང་། །
ཆོས་རིག་དཀར་པོའི་དགེ་ལེགས་སྣང་བའི་མཛོད། །
ཟླ་བ་དཀར་པོའི་འོད་བཞིན་ས་ཆེན་གྱི། །
གོ་ལ་དཀར་འཇམ་ཡངས་པའི་གསོས་གྱུར་ཅིག །
ཆེས་སྙིགས་རྒུད་མུན་གཉེན་དུ་ཆས་པ་ཡི། །
ལྷག་པའི་ལྷ་མཆོག་ཐུགས་རྗེའི་བདག་ཉིད་ཆེ། །
མཛད་བཟང་འོད་ཟེར་བརྒྱ་པའི་ངོ་མཚར་འབུམ། །
དགའ་སྟོན་ནུབ་མེད་གཡུང་དྲུང་རེ་ཁས་སྲུངས། །
བདེར་གཤེགས་བསྟན་པ་བསླབ་པའི་རིན་ཆེན་ཁམས། །
བཤད་སྒྲུབ་རྒྱ་མཚོའི་དཔལ་དུ་ལེགས་གནས་པ། །
དེ་འཛིན་ཚངས་སྤྱོད་ཐར་པའི་དེད་དཔོན་སྡེ། །
ཕུན་ཚོགས་རྣམ་དག་བཞི་ཡི་རྒྱུན་འཕེལ་ཤོག །
ཚོགས་ཆེན་སྤྲིན་གྱི་བདུད་རྩིའི་རྒྱུན་བཟང་གིས། །
རྨོངས་ཆེན་གདོན་བཏབ་འཁྲུགས་པའི་མེ་དཔུང་གཞིལ། །
ཉེས་སྤྱོད་དྲི་མའི་རྡུལ་སྐྱོན་ཡང་དག་སྟེ། །
དཔག་ཡས་ལེགས་ཚོགས་གསར་པའི་དཔལ་བསྐྱེད་ཅིག །
རབ་གནས་ཁྲོ་མོ་ཤིང་འབྲུག་གནམ་ལོ་གསར་ཚེས་ཀྱི་སྨོན་ཚིག་ཏུ་ལི་ཐང་ཨ་ཆོས་ཀྱིས་བྲིས་པའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།