མཐའ་དག་རྒྱལ་བའི་ཡོན་ཏན་མ་ལུས་པ། །
ས་གསུམ་འགྲོ་བའི་མགོན་དུ་གཟུགས་ཀྱི་སྐུར། །
མངོན་ཤར་མཁས་དང་གྲུབ་པའི་གཙུག་གི་ནོར། །
མཚོ་སྐྱེས་རྒྱལ་བ་གཉིས་པས་ཤིས་པ་སྩོལ། །
བསོད་ནམས་ཆུ་འཛིན་གཡོ་བའི་བང་རིམ་རྩེར། །
དབང་ཐང་གློག་ཞགས་དམར་བོའི་ལྡིང་ཁང་ནས། །
འབྱུང་ཁམས་ཤིང་ལ་དབང་བའི་འབྲུག་སྒྲ་ཡིས། །
ཆོས་ལྡན་བོད་མིའི་གྲགས་སྙན་སྒྲོགས་གྱུར་ཅིག །
ཞི་བསིལ་ཐུབ་བསྟན་བདུད་རྩིའི་སྤྲིན་ཆེན་ཡངས་པའི་མཁའ་ལ་རྟག་འཁྲིགས་ཤིང་། །
རྨད་བྱུང་ཆོས་ཚུལ་སྡོམ་བཞིའི་འབྲུག་སྒྲས་ལྟ་ལོག་རྨོངས་གཉིད་དཀྲོག་དང་ལྷན། །
ཡིད་ཅན་རྨ་བྱ་དགའ་བའི་གར་བརྩེན་ཞི་བདེ་འཆམ་མཐུན་དཔལ་ཡོན་ལ། །
ལོངས་སུ་སྤྱོད་ནས་འདི་དང་ཕྱི་མར་བཀྲ་ཤིས་སྣང་བས་འཚོ་གྱུར་ཅིག །
གཞན་ཕན་བྱང་ཆུབ་སེམས་ཀྱི་ཉིན་མོར་བྱེད། །
འཛམ་གླིང་ཆེ་རྒུའི་ཡིད་མཁར་མྱུར་འཆར་གཟིས། །
ནད་མུག་མཚོན་འཁྲུག་མུན་ཆེན་དབྱིངས་སུ་ཡལ། །
ཀུན་ཀྱང་བདེ་དགེའི་དཔལ་ལ་སྤྱོད་གྱུར་ཅིག །
ལེགས་སྦྱར་ལྷའི་སྐད་དུ་ཀྲོ་དྷི་དང་སྟོད་འགྲེལ་གྱི་བརྡར་ཁྲོ་མོ། མ་ཧཱ་ཙི་ནར་གྱ་ཤིན། གངས་ཅན་བོད་དུ་ཤིང་ཕོ་འབྲུག་ཏུ་འབོད་པའི་གནམ་ལོའི་འཛུམ་ཞལ་གསར་འཆར་གྱི་ཉིན་རྫོགས་ཆེན་མཁན་ཟུར་མིང་ཅན་ཨོ་རྒྱན་རིག་འཛིན་དུ་འབོད་པས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།