དམར་སེར་ཉི་མ་འབུམ་གྱི་མདངས་འཛིན་བརྒྱད་གཉིས་ལང་ཚོའི་དཔལ་འཆང་ཞིང་། །
སྙན་འཇེབས་ངག་གི་ཚངས་དབྱངས་རྒྱ་མཚོར་གཟུངས་སྤོབས་བློ་ཡི་ནོར་བུས་མཛེས། །
བདེན་ཚིག་རྡོ་རྗེའི་ཐོག་མདའ་རྣོན་པོས་མ་རུང་དྲེགས་པ་འཇོམས་མཛད་པའི། །
གཞོན་ནུ་སྨྲ་བའི་ཉི་མ་གང་དེར་བདག་ཡིད་དྭངས་བས་ཕྱག་བགྱིའོ། །
ཀུན་བཟང་ཐུགས་ཀྱི་གསང་བའི་མཛོད་འཛིན་བླ་མེད་ཐེག་པའི་ཤིང་རྟ་ཆེ། །
རྩོལ་མེད་རང་བཞག་ལྷུན་མཉམ་ཆེན་པོར་ཆོས་སྐུའི་རྒྱལ་ས་གཏན་ཟིན་པ། །
ས་ལམ་ཆིག་རྫོགས་གདོད་མའི་མགོན་དང་གཉིས་མེད་དགོངས་པའི་རྩལ་རྫོགས་པའི། །
རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱབ་བདག་བླ་མར་གུས་པས་འདུད། །
རིམ་གཉིས་ལྟ་དགོངས་ནམ་མཁའི་དབྱིངས་ལ་མཚན་མེད་ཆོས་སྐུའི་ཡེ་ཤེས་རྫོགས། །
རང་རྩལ་མ་འགག་མཚན་དཔེའི་དཀྱིལ་འཁོར་འགག་མེད་ལོངས་སྐུའི་ཆུ་འཛིན་གཡོ། །
གང་འདུལ་འགྲོ་ལ་ཆུ་ཟླའི་རོལ་གར་སྤྲུལ་བའི་རྣམ་རོལ་བགྲང་ཡས་ཀྱིས། །
ཐེག་དགུའི་ཆོས་ཆར་རྩོལ་མེད་འབེབས་མཛད་རིགས་བདག་བླ་མ་སྤྱི་བོས་བསྙེན། །
ཀ་དག་དགོངས་པའི་བརྡར་ཤ་ཆོད་པས་མཐའ་བརྒྱད་སྤྲོས་པ་དབྱིངས་སུ་ཞི། །
ལྷུན་གྲུབ་རིག་པའི་རང་རྩལ་རྫོགས་པས་དྲན་རིག་འགྱུ་འཕྲོའི་རྟོག་ཚོགས་ཡལ། །
རེ་དོགས་རྐུན་པོའི་འཕྲང་ལས་བརྒལ་བས་གཏད་མེད་རིག་པ་ཅོག་གེར་བཞག །
གཡོ་མེད་ཏིང་འཛིན་རི་བོ་མཆོག་བཞིན་མཉམ་བཞག་པ་དེ་ཁྱེད་ལས་སུ། །
རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་བསྟན། །
ཟབ་ལས་ཆེས་ཟབ་ཐེག་མཆོག་ཆོས་ཀྱི་སྒྲ། །
འཛམ་གླིང་ས་འཛིན་གངས་ཀྱི་རི་བོའི་སྤོར། །
བསྒྲགས་པའི་རྔ་ཆེན་ལྡིར་བ་ཁྱེད་ཉིད་ཙམ། །
མཚུངས་བྲལ་མཁས་པའི་ཁྱུ་མཆོག་ཀླུའི་དབང་པོར། །
ལྔ་ཕྲག་གཙུག་ལག་མཁྱེན་པའི་མཁས་མང་གིས། །
ལེགས་པར་བསྐོར་བས་འཇིག་རྟེན་རྨོངས་ཆེན་གྱི། །
མུན་པའི་ཚོགས་ཀུན་འཇོམས་པར་སྲིད་པའི་མིག །
རྙོག་བྲལ་བཙུན་པའི་མདངས་བཟང་གསེར་གྱི་རིར། །
འདུལ་འཛིན་གནས་བརྟན་བྱེ་བའི་འཁོར་བཅས་ལ། །
ཚངས་དབང་འཁོར་བསྒྱུར་སྲིད་པའི་ཆེ་དགུ་ཡིས། །
གཙུག་རལ་ལོ་མ་ས་གཞིའི་བརྒྱན་དུ་བཀྲམ། །
ལེགས་མཛད་བཟང་པོའི་རྣམ་ཐར་འོད་སྟོང་ལ། །
གཞན་ཕན་ཟེར་བརྒྱ་འཕྲོ་བ་སྲིད་པའི་དཔལ། །
ལུགས་ཟུང་སྤྲིན་གྱི་བ་གམ་བརྩེགས་པ་ཡིས། །
སྐྱེ་དགུའི་ཡིད་མཁའ་སྣང་བས་ཉིན་མོར་བྱེད། །
བཀའ་གཏེར་བསྟན་པ་རྒྱ་མཚོའི་མཛོད་འཛིན་ཞིང་། །
ལེགས་བཤད་གསེར་གྱི་གླེགས་བམ་ཐང་མར་བརྡལ། །
མགྲིན་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཀྱིས། །
མི་འཇིགས་སྨྲ་བའི་སྤོབས་པ་བླ་ན་མཐོ། །
ཆེར་སྙིགས་དུས་ཀྱི་རྒུད་པ་སྟོབས་བདོ་ཡང་། །
ཐུགས་རྒྱུད་གཙང་མར་ཆོས་བརྒྱད་དྲི་མ་ཡིས། །
མ་གོས་སྟོན་ཟླ་སྲིད་པའི་མཁའ་དབྱིངས་སུ། །
ཆེས་མཛེས་ཞི་བསིལ་བདུད་རྩིའི་ཟེགས་མ་འཐོར། །
གང་སྐུ་མི་ནུབ་རྒྱལ་མཚན་སྲིད་པའི་བླར། །
རྟག་ཏུ་བསྒྲེང་བར་རིགས་གསུམ་སེམས་དཔའ་ཡིས། །
མཁྱེན་བརྩེ་ནུས་པའི་བྱིན་མཐུ་མ་ཡལ་བར། །
བརྒྱད་གཉིས་ལང་ཚོའི་དཔལ་ཡོན་དར་གྱུར་ཅིག །
སྐུ་ཚེ་མི་ཤིགས་རྡོ་རྗེའི་ཆོས་བདུན་གྱི། །
ངོ་བོར་བརྟན་ཞིང་བགྲེས་རྒུད་བྲལ་བར་ནི། །
ཆོས་ཉིད་རྣམ་དག་ཆོས་ཅན་བདེན་མཐུ་ཡིས། །
འཕོ་བྲལ་རྟག་པ་དམ་པའི་སྐུ་ཐོབ་ཤོག །
ཞབས་ཟུང་མི་འགྱུར་གཡུང་དྲུང་རེ་ཁ་ཡིས། །
ལེགས་པར་མཚན་པ་མི་འཇིགས་གདོང་ལྔའི་ཁྲིར། །
འགྲོ་ཁམས་རྒྱ་མཚོའི་མགོན་དུ་རྟག་བཞུགས་ནས། །
རྨད་བྱུང་ཆོས་ཆར་འབེབས་པའི་བཀྲ་ཤིས་ཤོག །
རབ་འབྱམས་ཚེ་ཡི་ལྷ་དང་ཚེ་འཛིན་གཙོའི། །
ཞིང་སྔགས་ལྷན་སྐྱེས་དྲང་སྲོང་ཚོགས་རྣམས་ཀྱིས། །
ཚེ་དཔལ་གཡང་གི་དངོས་གྲུབ་འདིར་བསྡུས་ལ། །
བསྟན་པའི་རྒྱལ་མཚན་ནམ་ཡང་ནུབ་མེད་ཤོག །
ཅེས་དམ་པ་གང་གི་སློབ་འབངས་སུ་གཏོགས་པའི་སྐལ་བ་ཅན་པདྨ་འཇམ་དབྱངས་རྣམ་རྒྱལ་གྱིས་ཕུལ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།