རྨེ་བ་མཁན་ཆེན་ནོར་བུ་བསྟན་འཛིན།
1898 -----1956
༈ མགོན་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །དུས་ལན་ཅིག་ཙམ་མིན་གཏན་གྱི་སྐྱབས། །དྲིན་འཁོར་ཐབས་བྲལ་བའི་ཐུགས་རྗེ་ཅན། །ཕ་རྗེ་བཙུན་གཞན་ཕན་སྣང་བ་མཁྱེན། །བདག་མདོ་སྨད་ཀྱི་སྤྲང་པོ་ཀུ་ས་ལི། །སྐྱེ་ས་ཆོས་མེད་ཀྱི་ཡུལ་སྐྱེས་ཀྱང་། །སྔོན་སྦྱངས་ཀྱི་ལས་འཕྲོ་ཅུང་སད་པས། །གནས་རུ་དམ་དཔལ་གྱི་ཆོས་གྲྭར་སླེབས། །བློ་གཏད་དམ་པའི་ཆོས་ལ་བྱས། །གསང་ཆེན་སྔ་འགྱུར་གྱི་ཆོས་སྒོར་ཞུགས། །དག་སྣང་ཕྱོགས་མེད་ཀྱི་མོས་གུས་ཀྱིས། །མཚན་ལྡན་གྱི་བཤེས་གཉེན་མང་དུ་བསྟེན། །ཆོས་ཟབ་དགུའི་གདམས་པ་མཐའ་དག་གནང་། །ནོར་ལོངས་སྤྱོད་ཀྱི་འབུལ་བ་མ་མཆིས་མོད། །སེམས་གཡོ་ཟོལ་བྲལ་བའི་མོས་གུས་ཀྱིས། །གང་ནུས་ཀྱིས་སྒྲུབ་པའི་དམ་བཅའ་ཕུལ། །སྒོས་འགྲོ་བའི་རེ་སྐོང་རྡོ་རྗེ་འཆང་། །ཡོངས་གདུལ་བྱའི་མོས་ངོར་མི་ཡི་ཚུལ། །མགོན་གཞན་ཕན་བྱམས་པའི་གོ་ཆའི་མཚན། །རྗེ་དེ་ཡི་ཐུགས་རྗེས་རྗེས་སུ་བཟུང་། །ཆོས་འཕགས་ཡུལ་གྱི་ལེགས་བཤད་བཅུ་གསུམ་སོགས། །ཐུན་མོང་ཐེག་པའི་བཤད་ཁྲིད་དང་། །རྒྱུད་མཐར་ཐུག་སྒྱུ་འཕྲུལ་དྲྭ་བ་སོགས། །གསང་ཆེན་རྒྱུད་སྡེའི་བཤད་ཁྲིད་དང་། །གསར་རྙིང་རིས་མེད་ཀྱི་མཁས་གྲུབ་ཀྱི། །ཞལ་གདམས་མན་ངག་མང་དུ་གནང་། །སྒོས་གདོད་མའི་མགོན་པོའི་དགོངས་པའི་མཐིལ། །རྗེ་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། །མ་ཌཱཀྐི་འབུམ་སྡེའི་ཐུགས་ཀྱི་ཏིག །ལམ་ཐེག་དགུའི་ཡང་རྩེ་མན་ངག་སྡེའི། །གནད་ཟབ་མོ་ཚེ་གཅིག་སངས་རྒྱས་ཆོས། །དོན་རིག་སྟོང་ཆོས་སྐུར་གནས་པ་དེ། །ཐབས་ཟབ་མོས་མངོན་སུམ་རང་ངོ་སྤྲད། །མ་བལྟས་རིག་པའི་ཆོས་ཉིད་རྟོགས། །མ་བསྒོམས་འོད་གསལ་ངང་ལ་གནས། །མ་སྤྱད་ཚོགས་དྲུག་རང་སར་གྲོལ། །མ་བཙལ་འབྲས་བུ་མལ་ནས་རྙེད། །སེམས་འཛིན་ཁོལ་བུས་མ་བཅིངས་ཀྱང་། །རང་བབས་བསམ་གཏན་རྒྱུན་ཆད་མེད། །འཇུར་དྲན་གྱི་རྒྱང་སོ་མ་བཙུགས་ཀྱང་། །གཉུག་མའི་དྲན་པའི་སྲོག་མཁར་ཚུགས། །དམིགས་གཏད་ཀྱིས་ཀྲོང་ཆ་མ་བཏོན་ཀྱང་། །རང་རིག་ཡེ་ཤེས་འཆར་ནུབ་བྲལ། །སྲོག་རྩོལ་གྱི་འགྱུ་ལམ་མ་བཅད་ཀྱང་། །ཟག་བྲལ་བདེ་ཆེན་འཕོ་འགྱུར་མེད། །རིམ་རྩོལ་གྱིས་སྦྱངས་བགྲོད་མ་བྱས་ཀྱང་། །ས་ལམ་རང་བྱུང་རིག་པར་རྫོགས། །དྲན་མེད་ཧད་པོའི་མུན་སངས་ཕྱིར། །གནས་ན་ཆོས་སྐུའི་རང་མལ་ལགས། །ཤར་གྲོལ་མཉམ་པའི་གདེངས་ལྡན་ཕྱིར། །འཕྲོ་ཚད་ཡེ་ཤེས་རང་རྩལ་ལོ། །འདི་བསྒོམ་གྱི་ཆེད་འཛིན་ཞིག་པའི་ཕྱིར། །མཉམ་བཞག་ལ་རེ་དོགས་ཀྱི་ཟུག་རྔུ་བྲལ། །ཤེས་རིག་རང་ཚུགས་ཟིན་པའི་ཕྱིར། །རྗེས་ཐོབ་ལ་ཐ་མལ་གཡེང་བ་མེད། །ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར། །བདེ་གསལ་གྱི་ཉམས་རྟོགས་རྒྱུན་ཆད་མེད། །རིག་སྟོང་ལ་འཆར་ནུབ་མེད་པའི་ཕྱིར། །ཉིན་མཚན་འོད་གསལ་གྱི་ངང་ དུ་འབྱམས། །རང་གནས་ཆོས་སྐུའི་རང་ཞལ་མཐོང་། །བློ་ཡིན་མིན་ཐེ་ཚོམ་གྱི་དཔྱང་ཐག་ཆད། །ཤར་གྲོལ་ཀུན་རིག་པ་གཅིག་ཏུ་འདུས། །གནས་འགྱུའི་རེ་དོགས་ཀྱི་སེམས་ཁྲལ་ཞིག །བློ་ཡིས་མ་བྱས་ཆོས་ཉིད་དེ། །ཡིད་དཔྱོད་ལྟ་སྒོམ་གྱི་སེམས་པ་སྟོར། །འདི་བསྒོམ་གྱི་དམིགས་གཏད་མ་རྙེད་ཕྱིར། །རང་ལྟ་མཆོག་འཛིན་གྱི་ང་རྒྱལ་ཞི། །སེམས་འཁྲུལ་པའི་གཞི་རྩ་ཆོད་པའི་ཕྱིར། །ཉོན་ཤེས་འཁྲུལ་པའི་མུན་པ་སངས། །ཉམས་རྟོགས་ལ་ཕོ་ཚོད་མ་དགོས་པས། །གོལ་ཤོར་ནོར་བའི་འཕྲང་ལས་ཐར། །ཡེངས་ཡུལ་ཆོས་ཉིད་དུ་དག་པའི་ཕྱིར། །ཆེད་འཛིན་དམིགས་གཏད་ཀྱི་རྟོད་ཕུར་བཏོན། །རང་རིག་འཆར་ནུབ་བྲལ་བའི་ཕྱིར། །དྲན་མེད་ཧད་པོའི་མུན་པ་སངས། །འགྱུ་དྲན་གྲིམ་པོའི་ཁུང་རྟོལ་ཕྱིར། །ཕུར་ཚུགས་རིག་ཆའི་གཏད་སོ་བྲལ། །ཚེ་ཐོག་མེད་དུས་ནས་ད་ལྟའི་བར། །སེམས་ཆོས་སྐུའི་རང་ཞལ་ངས་མ་མཐོང་། །དུས་ད་རེས་བླ་མའི་དྲིན་གྱིས་རྟོགས། །ཚིག་མང་དུ་སྨྲས་ཀྱང་ཐ་སྙད་བྲལ། །མིང་སྙན་པོ་བཏགས་ཀྱང་སྤྲོས་པ་ཙམ། །དོན་ཧྲིལ་གྱིས་དྲིལ་ན་འདི་ཀ་རང་། །ཕྱི་གཟུང་བ་ཡུལ་གྱི་རྗེས་མ་འབྲངས། །ནང་འཛིན་པ་སེམས་ཀྱིས་བཅོས་བསླད་ཞོག །དོན་ཐ་མལ་རིག་པ་སྐད་ཅིག་མ། །ཡེང་སྒོམ་དང་བྲལ་བར་སྐྱོང་བ་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ཞེས། །ངོ་སྤྲོད་དྲིན་ཅན་བླ་མས་གནང་། །ཉམས་མྱོང་རང་གི་གོམས་པས་སྐྱེས། །ངེས་པའི་ཤེས་པ་གཏིང་ནས་སྐྱེས། །རྗེ་སངས་རྒྱས་བྱོན་ཀྱང་དྲི་རྒྱུ་མེད། །གྲོགས་སྒོམ་ཆེན་ཚོགས་ཀྱང་བསྡུར་རྒྱུ་མེད། །སྐུ་གསུམ་རང་གི་མལ་ནས་རྙེད། །ཡར་སངས་རྒྱས་ས་ལ་རེ་བ་མེད། །སེམས་འཁྲུལ་པའི་གཞི་རྩ་མལ་ནས་ཆོད། །མར་འཁོར་བར་འཁྱམས་པའི་དོགས་པ་མེད། །སེམས་གཉུག་མ་ལ་སྐྱེ་འཆིའི་མཚན་མ་བྲལ། །དགྲ་འཆི་བདག་བྱུང་ཡང་ཡ་མི་ང་། །དེ་ཐམས་ཅད་བླ་མ་རྗེ་ཡི་དྲིན། །དྲིན་འཁོར་ཐབས་མེད་དོ་ཐུགས་རྗེ་ཅན། །སྔོན་བསགས་པའི་སྦྱིན་འབྲས་དམན་པའི་མཐུས། །ནོར་ལོངས་སྤྱོད་ཀྱི་བདོག་པ་དམན་ཕྱིར་དང་། །ལུས་ངག་གིས་ཞབས་ཏོག་མ་ནུས་གནོང་། །ཚེ་ཕལ་ཆེར་དོན་མེད་བྱ་བས་གཡེངས། །ད་ཚེ་ལྷག་ཅི་ཙམ་ཡོད་ཀྱི་རིང་། །ཕ་བླ་མའི་སྐུ་དྲིན་སྒྲུབ་པས་གཞལ། །རྗེས་ཐུགས་རྗེས་ཟུངས་ཤིག་རིན་པོ་ཆེ། །ཕ་མཚན་ལྡན་གྱི་དེད་དཔོན་བཀའ་དྲིན་ཅན། །ཞལ་ད་དུང་ལན་ཅིག་མཇལ་སྤྲོ་ཡང་། །ཕ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། །ཚེ་འདི་ལ་མཇལ་བའི་བསོད་ནམས་ཟད། །གནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ། །ཚེ་ཕྱི་མར་ཅིས་ཀྱང་མཇལ་བར་ཞུ། །དྲིན་ལན་ཆོས་ཀྱིས་འཁོར་བ་དང་། །མཉེས་པའི་ཞབས་ཏོག་འགྲུབ་པ་དང་། །ཕྱོགས་མེད་གཞན་དོན་འབྱུང་བ་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པ་རུ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །བླ་མ་རིན་པོ་ཆེ་ནོར་བུ་བསྟན་འཛིན་གྱིས་གསུངས་སོ།། །།
རྩོམ་སྒྲིིག་པ། དོན་འགྲུབ་རྡོ་རྗེ།