༄༅། །ཕ་མའི་དྲིན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་བཞུགས་སོ། །

WechatIMG2693.jpeg

ཕ་རོལ་ཕྱིན་དང་གསང་སྔགས་ལམ་བཟང་གིས། །ཕ་མ་རིགས་དྲུག་སེམས་ཅན་མ་ལུས་པ། །ཕ་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་ཡི། །ཕ་རོལ་འདྲེན་མཛད་བཤེས་གཉེན་རྣམས་ལ་འདུད། །མ་ལུས་སྤངས་རྟོགས་མཐར་སོན་རྫོགས་སངས་རྒྱས། །མ་རིག་མུན་སེལ་སྒྲོན་མེ་དམ་པའི་ཆོས། །མ་ནོར་ལམ་གྱི་གྲོགས་མཆོག་དགེ་འདུན་བཅས། །མ་ལུས་འགྲོ་བའི་མགོན་དང་སྐྱབས་མཛོད་ཅིག །ཡ་མཐའ་གཏུགས་པ་མེད་པའི་དུས་ཤིག་ནས། །སྲིད་པའི་གནས་འདིར་ཟོ་ཆུན་བཞིན་དུ་འཁོར། །ཕ་མ་མ་བྱས་སེམས་ཅན་འགའ་ཡང་མེད། །དེ་ཚེ་རང་སྲོག་ལས་ཀྱང་གཅེས་པར་བྱས། །ཕན་པ་ཚད་མེད་དྲིན་ལན་ཇི་ལྟར་འཇལ། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ཟླ་ངོ་བཅུ་ཡི་བར་དུ་ལུས་ལ་བཟུང༌། །བཙས་ནས་ཉིན་མཚན་ཤ་ཡི་དྲོད་ལ་སྦྱར། །སྙན་པར་བོས་ཤིང་བརྩེ་བའི་འཛུམ་གྱིས་བསུས། །སོར་བཅུའི་རྩེ་ལ་གཡེངས་ཏེ་ནུ་ཞོས་གསོས། །གཉིད་དང་ལྟོ་བཅག་ཡིད་བཞིན་ནོར་ལྟར་བསྲུངས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ན་ན་བདག་ལས་ཁོ་རང་ན་བ་འདམ། །འཆི་ན་བདག་ལས་ཁོ་རང་འཆི་བ་འདམ། །དཔྲལ་བའི་མིག་དང་ཁོང་བའི་སྙིང་བཞིན་དུ། །གཅེས་པ་ཚད་མེད་བཟོད་པའི་གླགས་མ་མཆིས། །བུ་ཕྲུག་རྒྱག་པས་གཅེས་ངོ་ག་ལ་ཤེས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ཉམ་ཆུང་སྲིན་འབུ་འདྲ་བ་མི་རུ་བྱས། །དམ་ཆོས་སྒྲུབ་པའི་དལ་འབྱོར་རྟེན་བཟང་བྱིན། །མཚན་ལྡན་བླ་མ་དམ་པའི་དྲུང་དུ་བསྐྱལ། །ཕན་བདེའི་འབྱུང་གནས་བསྟན་པའི་སྒོ་རུ་བཅུག །འདི་ཕྱིའི་བདེ་ལེགས་ཀུན་གྱི་རྩ་བ་བཙུགས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །སྡིག་དང་སྡུག་བསྔལ་གཞན་གྱི་གཏམ་ངན་སོགས། །ཁྱད་དུ་བསད་ནས་འབད་པས་ཤ་ཐང་དུ། །བསྒྲུབས་པའི་རྒྱུ་ནོར་ལོངས་སྤྱོད་ཡོད་དོ་ཅོག །ལྷག་མ་མེད་པར་བདག་ལ་གཏད་པ་ན། །གཏན་གྱི་འདུན་མ་འགྲུབ་བཞིན་དགའ་བ་སྐྱེས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །བསྒྲུབས་པའི་ནོར་རྫས་བདག་ཅག་ལ་བཞག་ཀྱང་། །བསགས་པའི་སྡིག་ལྟུང་ཕ་མ་རང་གིས་ཁུར། །ད་ལྟ་རིགས་དྲུག་བར་དོའི་གནས་གང་ན། །སྐྱིད་སྡུག་ཇི་འདྲ་མྱོང་བ་སུ་ཡིས་ཤེས། །ཟས་ནོར་སྐལ་བ་རྗེས་སུ་སྐྱེལ་ལུགས་མེད། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ལྷན་ཅིག་འཚོགས་ནས་རྩེ་རྒོད་ལོངས་སྤྱོད་རྒྱས། །གཏན་དུ་འགྲོགས་ཤིང་ཕན་པར་རེ་བ་ལ། །གློ་བུར་འཆི་བདག་གཤིན་རྗེས་ཁ་ཕྲལ་ནས། །རྒྱུས་མེད་བར་དོའི་འཕྲང་དུ་གཅིག་པུར་ཁྲིད། །དཀར་པོ་དགེ་བ་མ་གཏོགས་ར་མདའ་མེད། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ལན་དུ་ཕན་འདོགས་ནུས་པ་དཀོན་ན་ཡང༌། །སྲིད་པར་ཡང་ཡང་འཁྱམས་པའི་བག་ཆགས་ཀྱིས། །བྱ་དང་རི་དྭགས་གཅན་གཟན་ཚུན་ཆད་ཀྱང༌། །རང་གི་བུ་ལ་བྱམས་པ་ངང་གིས་སྐྱེ། །ཚུལ་དེས་ལན་གྲངས་དཔག་མེད་དྲིན་གྱིས་བསྐྱངས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །སྐྱེ་ཤི་ཐོག་མཐའ་མེད་པའི་འཁོར་བ་འདིར། །སེམས་ཅན་རེ་རེས་རང་གི་མ་བྱས་ཏེ། །ནུ་ཞོ་འཐུང་བ་ལྷན་ཅིག་བསགས་བྱས་ན། །རྒྱ་མཚོ་ཆེན་པོའི་ཆུ་ལས་ལྷག་གོ་ཞེས། །ཀུན་མཁྱེན་ཐུབ་པས་གཟིགས་ནས་བདེན་པར་གསུངས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །རྙེད་དཀའ་དལ་འབྱོར་མི་ལུས་ཐོབ་ན་ཡང༌། །བདག་ཅག་དོན་དུ་མི་ཚེ་སྡིག་ལ་གཟད། །རྒྱུ་ནོར་སྤྱོད་པའི་བདེ་བ་མ་མྱོང་ཞིང༌། །དམ་ཆོས་སྒྲུབ་པའི་གོ་སྐབས་མ་རྙེད་དེ། །ཕན་ལན་སྒྲུབ་པའི་རེ་མོས་བདག་ལ་བབས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །སྐུ་གསུང་ཐུགས་རྟེན་བཞེངས་ཤིང་མཆོད་པ་ཕུལ། །བླ་མ་དགེ་འདུན་སྡེ་ལ་བསྙེན་བཀུར་ཞུས། །ཆོ་ག་བཟླས་བརྗོད་མདོ་སྡེ་ཀློག་པ་དང། །ཕྱག་སྐོར་སྲོག་བླུ་དབུལ་བོར་སྦྱིན་གཏོང་སོགས། །དགེ་བ་གང་བྱས་དེ་ཡི་དོན་དུ་བསྔོ། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ཚུལ་ཁྲིམས་རྣམ་དག་མང་ཐོས་ཞིང་ས་བཟང༌། །སྡིག་དང་མ་འདྲེས་ས་བོན་དངོས་པོ་གཙང༌། །མིང་དང་གྲགས་འདོད་མིན་པར་ཕན་སེམས་ཀྱིས། །བསྒྲུབས་པའི་འཁོར་གསུམ་རྣམ་དག་དགེ་བའི་འབྲས། །ཕ་མ་རིགས་དྲུག་འགྲོ་བའི་དོན་དུ་བསྔོ། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ། །ཁམས་གསུམ་འཁོར་བའི་ཕུན་ཚོགས་གང་ལ་ཡང༌། །སྙིང་པོ་མ་མཆིས་རྨི་ལམ་དགའ་སྟོན་བཞིན། །མཆོག་གསུམ་ཐུགས་རྗེའི་བདེན་པ་ཆེན་པོའི་མཐུས། །ངན་སོང་འཁོར་བའི་སྐྱེ་སྒོ་བཅད་དུ་གསོལ། །དམིགས་ཡུལ་ཉམ་ཐག་འགྲོ་ལ་ཐུགས་རྗེས་གཟིགས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན། །འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན། །དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ།

              ཞེས་པ་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་དཀོན་མཆོག་བསམ་འགྲུབ་ཀྱིས་ཕ་མའི་དྲིན་ལན་གཟོ་ཚུལ་ཞིག་དགོས་ཟེར་བ། སྤྱིར་རང་གིས་ཆོས་རྣམ་དག་ཅིག་བསྒྲུབས་ན་ལུས་བསྐྱེད་པའི་ཕ་མ་ལ་དྲིན་གཟོའི་མཆོག་དེ་ཡིན་ཀྱང༌། དེའི་རྣམ་པ་དྲན་ཆེད་དང༌། གཤིན་པོར་མ་ཎི་བསྐུལ་བ་སོགས་ཀྱི་ཚེ་བློ་འཁུལ་བྱེད་འདི་ལྟ་ཞིག་བྱུང་ན་ཕན་པར་མཐོང་ནས་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།

                                                                                                         རྩོམ་སྒྲིག་པ།   དོན་འགྲུབ་རྡོ་རྗེ།