རྒྱལ་དབང་ལྔ་པའི་འཁྲུངས་རབས་ལུང་དང་སྦྱར་བ།

KMG079_cover.jpg


༈ རྒྱལ་དབང་ལྔ་པའི་འཁྲུངས་རབས་ལུང་དང་སྦྱར་བ་མི་དབང་ཆེན་པོར་ཕུལ་བ། འགྲོ་བ་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་བླ་ན་མེད་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་འདི་ཉིད་ངེས་པའི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཡོངས་སུ་བརྙེས་པས། རིགས་ཅན་གྱི་གདུལ་བར་བྱ་བ་རྣམས་ཀྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་པའི་རྣམ་རོལ་བྱེ་བ་གྲངས་མེད་པ་སྟོན་པ་མཛད་མོད་ཀྱི། འདིར་བློན་པོ་བཀའ་ཐང་ལས་བྱུང་བའི་ལུང་དོན་ཅུང་ཟད་ཙམ་བརྗོད་ན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔འཕྲུལ་ལྔ་སྒྱུར་བའི་སྟོབས་སུ་འབྱུང༔འདྲ་མིན་ཞིག་དང་མ་ནོར་ན༔གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔བྱང་མིང་འདུལ་སྐྱོང་གནམ་སའི་བདག༔ཟ་ཧོར་ཆབ་ལས་འབེབས་པར་འགྱུར༔ཞེས་པ་སྟེ། དེ་ཡང་སྤྲུལ་གཞི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེ་ཉིད་གང་འདུལ་གྱི་མོས་ངོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་རྣམ་རོལ་རྣམ་པ་ལྔར་བསྟན་པ་ལས། ཐུན་མོང་དང་ཐུན་མོང་མིན་པའི་གདུལ་བྱ་སྐལ་བ་ཐ་དད་པ་དག་གི་མོས་ངོར་སྤྲུལ་པ་ལྔ་པོ་དེ་ཡང་ཕྲག་གཉིས་སུ་རེ་རེ་བཞིན་སྟོན་པར་མཛད་པ་ལས་དང་པོ་ནི། པཎ་ཆེན་དགེ་འདུན་གྲུབ་ནས་ཀུན་མཁྱེན་དམ་པ་འདི་ཉིད་ཀྱི་བར་རྣམ་པ་ལྔར་བསྟན་ཏེ་ཆགས་བྲལ་སྡོམ་བརྩོན་ངུར་སྨྲིག་འཛིན་པའི་སྐུའི་བཀོད་པས་མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བ་དེ་ཉིད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བརྟེན་ནས་ཐུན་མོང་གི་གདུལ་བྱ་རྣམས་རྣམ་པར་གྲོལ་བ་མཆོག་གི་ལམ་དང་འབྲས་བུ་ལ་འགོད་པའི་ཕྲིན་ལས་གཙོ་བོར་སྟོན་པར་མཛད་པ་དང་། གཉིས་པ་ནི་མངའ་བདག་ཉང་རིན་པོ་ཆེ་ནས་ཀུན་མཁྱེན་དམ་པ་འདིའི་བར་རྣམ་པ་ལྔར་བསྟན་ཏེ་སྔགས་འཆང་རྡོ་རྗེ་འཛིན་པ་མཆོག་གི་རྣམ་པར་རོལ་པས་རྫོགས་པ་ཆེན་པོ་ཀ་དག་དེ་བཞིན་ཉིད་ཀྱི་ལྟ་བ་དེ་ཉིད་ཡོ་ག་རྣམ་པ་གསུམ་གྱི་ཟབ་ལམ་ཁྱད་པར་ཅན་ལ་བརྟེན་ནས་ཐུན་མོང་མིན་པའི་གདུལ་བྱ་རྣམས་ཟུང་འཇུག་གི་ལམ་དང་འབྲས་བུ་ཅི་རིགས་པ་ལ་འགོད་པའི་ཕྲིན་ལས་གཙོ་བོར་སྟོན་པར་མཛད་པས་ན་འཕྲུལ་ལྔ་སྒྱུར་བའི་ཞེས་པའི་དོན་དང་། དེ་ལྟར་རྣམ་པ་ཐ་དད་པར་བསྟན་པའི་དམ་པ་དེ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་གཅིག་ཏུ་བསྡོམས་པ་ལྟ་བུའི་མཐུ་དཔུང་དམ་པ་འདི་ཉིད་ཁོ་ན་ལ་མངའ་བའི་ཕྱིར་སྟོབས་སུ་འབྱུང་ཞེས་ཁྱད་པར་དུ་སྨོས་པའོ། །འདྲ་མིན་ཞེས་པ་ནི། དམ་པ་འདིའི་ཕྲིན་ལས་མངོན་དུ་གྱུར་པར་ཉེ་བ་ན། ཆོས་རྒྱལ་གྱི་སྤྲུལ་པར་གྲགས་པ་གཞན་ཡང་བྱུང་མོད། བློ་ལྡན་རྣམས་ཡིད་མི་རྟོན་ཡང་སྐྱེ་བོ་འཁྲུལ་སྣང་བདེན་འཛིན་གྱི་རྨོངས་མུན་དུ་འཐོམས་པ་དག་ཀྱང་། དམ་པ་འདིའི་ཐུགས་རྗེ་ཉི་མ་འབར་བའི་སྣང་བས་གསལ་བས་ཞིང་འདིའི་ལུས་ཅན་བསོད་ནམས་ཀྱི་སྐལ་བ་དང་ལྡན་པ་མཐའ་དག་འདྲ་མིན་གྱི་འཁྲུལ་སོ་ལས་གྲོལ་བས་དམ་པ་ལ་དམ་པར་ཤེས་པའི་ངེས་ཤེས་གཏིང་ནས་ཚུགས་པ་འདིའོ། །འདི་ལྟར་གདུལ་བྱ་སོ་སོའི་མོས་བློ་ཐ་དད་པའི་སྐལ་བ་དང་འཚམས་པར་འདུལ་བ་བཞིའི་ཕྲིན་ལས་གང་ལ་གང་འཚམས་པ་དེ་ལ་དེར་སྟོན་པ་གཅིག་གོ་གཅིག་གིས་མི་འགོག་པར་ཐ་དད་དུ་སྟོན་པ་ནི་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད་པའི་དོན་ཡིན་ལ། གཉིས་ཀྱི་གྲངས་ངེས་ནི། གདུལ་བྱ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་སུ་འདུས་པས་འདུལ་བྱེད་ཀྱང་རྣམ་པ་གཉིས་སུ་མ་འདུས་པ་མེད་པ་ཉིད་དོ། །བྱང་མིང་འདུལ་སྐྱོང་ཞེས་པ་ནི་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་ན་འཁོད་པའི་འགྲོ་བ་དཔའ་ཞིང་བརྟུལ་ཕོད་པ་ལ་གདུག་ཅིང་རྩུབ་པའི་བསམ་སྦྱོར་དང་ལྡན་པ་དེ་དག་གང་དུ་བསྐྱོད་པའི་ཕྱོགས་སུ་འཇིགས་པ་མི་བཟད་པ་སྐྱེད་པར་བྱེད་པ་ལས། སྔོན་ཆད་བོད་ཡུལ་གྱི་རྒྱལ་ཁམས་འདི་དག་ཡང་ནས་ཡང་དུ་འཇོམས་པར་བྱས་ཤིང་། ཁྱད་པར་དུས་འདིར་མཐའི་དམག་དཔུང་མི་བཟད་པ་འབྱུང་བའི་དུས་རྟགས་ཐམས་ཅད་མངོན་དུ་གྱུར་པ་ལས། གླིང་དགུའི་འགྲོ་བ་མཐའ་དག་མིང་ཙམ་དུ་འཇོམས་པར་ཉེ་བ་ན། མཐའ་མི་གདུག་པ་ཅན་དེ་དག་གིས་དམ་པ་འདི་ཉིད་ཀྱི་སྐུ་མཐོང་ཞིང་གསུང་ཐོས་པ་དང་མདོར་ན་མཚན་ཙམ་ཐོས་པ་དང་དྲན་པ་ཙམ་གྱིས་ཀྱང་ཞེ་སྡང་གི་གདུག་སེམས་ཞི་ནས་ཞི་ཞིང་དེས་པའི་སེམས་རྣལ་དུ་འཁོད་པས་དེ་དག་ཕྱི་མ་ངན་སོང་གི་འཇིགས་པ་ལས་བསྐྱབས་ཤིང་བོད་ཁམས་རྣམས་གནས་སྐབས་དམག་དཔུང་གི་འཇིགས་པ་ལས་ཐར་བའི་བཀའ་དྲིན་སྩལ་ཅིང་། གདུལ་དཀའི་འགྲོ་བ་དེ་དག་དམ་པ་འདི་ཉིད་ཁོ་ན་ལ་དད་ཅིང་འདུན་པས་སྐྱབས་སུ་སོང་བའི་ཕྱིར་ན་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དང་རྗེས་སུ་སྐྱོང་བའི་ཡུལ་ཁྱད་པར་ཅན་དུ་གྱུར་པ་དང་། འཛམ་བུའི་སྒྲས་མཚོན་པའི་ཞིང་ཁམས་འདིའི་གནམ་སའི་དཀྱིལ་འཁོར་ཐམས་ཅད་ལ་ཕྲིན་ལས་ཀྱིས་བདག་གིར་མཛད་པ་ནི་མངོན་སུམ་པ་འདིའོ། །ཟ་ཧོར་ཆབ་ལས་འབེབས་པ་འབྱུང༔ཞེས་པ་ནི་དངོས་པོ་ངེས་གཟུང་གི་གསལ་བྱེད་དེ། ཤར་ཕྱོགས་ས་ཧོར་གྱི་རྒྱལ་རིགས་དྲི་མ་མེད་པ་ཕྱིང་དབར་སྟག་རྩེའི་རྒྱལ་བརྒྱུད་དེ་ཉིད་ཆབ་སྟེ་ཟླ་གཟུགས་འཆར་ཡུལ་གྱི་ཆུར་བསྟན་ནས་འཆར་བྱེད་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཟླ་གཟུགས་ཆུ་སྣོད་དེ་ཉིད་དུ་འཆར་བ་ནི་འབེབས་པར་འགྱུར་ཞེས་པས་གསལ་བར་བསྟན་ཏེ། འདིར་འཆར་ཡུལ་དངོས་སུ་སྨོས་པ་ཉིད་ཀྱིས་འཆར་བྱེད་ཡུལ་ཅན་ཤུགས་ལས་གསལ་བར་མཚོན་པ་ཉིད་དེ། སྲོང་བཙན་ཕྱོགས་ཀྱི་ཟ་ཧོར་རྒྱལ་བརྒྱུད་འདིས༔བསྟན་པ་དབུས་གཙང་ཡོངས་ལ་གཅུ་བར་འགྱུར༔ཞེས་སོགས་ཀྱི་སྒྲུབ་བྱེད་མཐའ་ཡས་པའི་ཕྱིར་རོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།