༄༅། །སློབ་དཔོན་ཆེན་པོའི་བསྟོད་པ་སྐུ་གསུམ་མ་ཞེས་བྱ་བ་བཞུགས་སོ།།
སྐུ་གསུམ་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་ཤུགས། །གཅིག་བསྡུས་རིག་འཛིན་རྒྱལ་པོའི་ཚུལ་འཆང་བ། །བདེ་ཆེན་མཁའ་འགྲོའི་དབང་ཕྱུག་རྡོ་རྗེའི་སྐུ། །པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །སྣང་བ་མཐའ་ཡས་མགོན་པོ་སྤྱན་རས་གཟིགས། །དབྱེར་མེད་སིནྡྷུའི་དྭངས་མཚོར་སྤྲུལ་པའི་སྐུ། །འཇིག་རྟེན་གསུམ་ན་ཆེ་བའི་རིག་སྔགས་འཆང་། །མཉམ་མེད་བླ་མ་ཁྱེད་ལ་ཕྱག་འཚལ་བསྟོད། །པདྨ་ལས་འཁྲུངས་པདྨ་བཞད་པའི་ཞལ། །མཚན་དཔེའི་གཟི་འབར་རྒྱལ་ཀུན་ཞལ་སྐྱིན་མཆོག །འཇིག་རྟེན་མངའ་བསྒྱུར་མཚུངས་མེད་རྒྱལ་བའི་སྲས། །བདེ་མཆོག་པདྨ་རྒྱལ་པོར་ཕྱག་འཚལ་བསྟོད། །གནས་ཡུལ་རྣམས་སུ་བརྟུལ་ཞུགས་སྤྱོད་པ་བསྐྱངས། །མ་ཚོགས་དྲེགས་པ་དབང་བསྡུས་ལས་ལ་བཀོལ། །ས་སྟེང་ཀུན་ཏུ་གསང་སྔགས་བསྟན་པ་སྤེལ། །ཉི་མ་འོད་ཟེར་ཞབས་ལ་ཕྱག་འཚལ་བསྟོད། །ཤེས་བྱའི་གནས་རྣམས་གཟིགས་པ་ཙམ་གྱིས་རྟོགས། །ལྔ་རིགས་ཀུན་མཁྱེན་མཁས་པའི་ཕུལ་དུ་ཕྱིན། །འཇམ་པའི་དབྱངས་དང་དབྱེར་མེད་རྒྱལ་བའི་སྲས། །བློ་ལྡན་མཆོག་སྲེད་ཁྱེད་ལ་ཕྱག་འཚལ་བསྟོད། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་དྲུག་གི །དགོངས་སྤྱོད་མཐར་ཕྱིན་རྒྱལ་དང་རྒྱལ་སྲས་ཀྱི། །རྣམ་ཐར་རྒྱ་མཚོའི་ཚུལ་ལ་མངའ་དབང་བརྙེས། །པདྨ་སཾ་བྷ་བ་ལ་ཕྱག་འཚལ་བསྟོད། །རྒྱལ་བ་མཆོག་ཉིད་སླར་ཡང་བྱོན་པ་བཞིན། །རྣམ་དག་ཕུང་པོ་ལྔ་འཆང་མཆོག་སྤྲུལ་ཚུལ། །ཆོས་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་བསྒྲགས། །ཤཱཀྱ་སེང་གེ་ཁྱོད་ལ་ཕྱག་འཚལ་བསྟོད། །འཆི་མེད་རྡོ་རྗེའི་ཚེ་དང་རིག་འཛིན་ས། །དངོས་གྲུབ་ཀུན་གྱི་མངའ་དབང་དམ་པ་བརྙེས། །དཀྱིལ་འཁོར་ཀུན་གྱི་གཙོ་དང་གཉིས་སུ་མེད། །པདྨ་འབྱུང་གནས་ཁྱེད་ལ་ཕྱག་འཚལ་བསྟོད། །བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བ་རྣམས། །རྫུ་འཕྲུལ་ཆེན་པོས་མིང་གི་ལྷག་མར་བྱས། །ཆེ་བཙན་འགྲན་མེད་རྡོ་རྗེའི་མཐུ་སྟོབས་བདག །སེང་གེ་སྒྲ་སྒྲོགས་ཁྱེད་ལ་ཕྱག་འཚལ་བསྟོད། །གངས་ཅན་ལྗོངས་སུ་རྒྱལ་བའི་བསྟན་པ་སྤེལ། །ནག་པོའི་རྩ་ལག་རྡོ་རྗེའི་མཐུ་ཡིས་བཏུལ། །ས་སྟེང་ཐམས་ཅད་ཟབ་མོའི་གཏེར་གྱིས་བཀང་། །རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་བསྟོད། །སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་དང་། །མི་མཇེད་འཇིག་རྟེན་སོ་དྲུག་ལ་སོགས་པར། །མཐའ་ཡས་སྤྲུལ་པའི་ཞིང་ཁམས་ཀུན་ཏུ་ཁྱབ། །སྒྱུ་འཕྲུལ་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །རྒྱལ་སྲས་སེམས་དཔའ་བརྒྱད་དང་སྒྲུབ་སྡེ་བརྒྱད། །ལ་སོགས་རྒྱལ་བ་རྒྱལ་སྲས་རྒྱ་མཚོ་དང་། །དབྱེར་མེད་བླ་མ་དཀྱིལ་འཁོར་ཀུན་གྱི་བདག །མཚུངས་མེད་འདྲེན་པ་ཁྱེད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །སྙིགས་མའི་འགྲོ་བ་བསྐྱབས་པར་མཛད་པའི་ཕྱིར། །བྱིན་རླབས་ཐུགས་རྗེ་ལྷག་པར་མྱུར་བ་ཡིས། །ལས་ཅན་རྗེས་སུ་འཛིན་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །རྣམ་པ་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རིག་འཛིན་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་སྟོན། །ཀུན་ལས་ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རང་བྱུང་ཀུན་ཏུ་བཟང་པོ་ཁྱོད་ཉིད་ལ། །མི་ཕྱེད་དད་པས་ལེགས་པར་བསྟོད་པ་ཡི། །བསོད་ནམས་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །མཚོ་སྐྱེས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །སྣོད་བཅུད་རྒུད་པ་མཐའ་དག་རབ་ཏུ་ཞི། །དཔལ་དང་གྲགས་པ་བཀྲ་ཤིས་བདེ་ལེགས་འཕེལ། །འགྲོ་ཀུན་མཚུངས་མེད་གུ་རུས་རྗེས་བཟུང་ནས། །རང་བྱུང་པདྨའི་གོ་འཕང་མཆོག་ཐོབ་ཤོག། །ཅེས་ཚིགས་སུ་བཅད་པ་དགའ་བ་བཅུ་དྲུག་གི་གྲངས་ལྡན་འདི་ནི་ཟིལ་གནོན་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་འཕེལ།།
༄༅།།མཁན་ཆེན་ལ་བསྟོད་པ་འཇམ་དཔལ་མ་ཞེས་བྱ་བ་བཟུགས་སོ།།
འཇམ་དཔལ་དཔའ་བོའི་ཞབས་པད་དྲི་མེད་ཉིད། །ཡན་ལག་མཆོག་གི་པདྨ་རབ་བཀོད་ནས། །ཟབ་རྒྱས་ཆོས་ཚུལ་དངོས་སུ་ལེགས་ནོད་པ། །མཁན་ཆེན་ཞི་བ་མཚོ་ལ་ཕྱག་འཚལ་བསྟོད། །བསྟན་པའི་རྩ་བ་སོ་སོར་ཐར་པ་ཡི། །ཚུལ་ཁྲིམ་རྣམ་དག་ངུར་སྨིགས་རྒྱལ་མཚན་འཆང་། །སྡོམ་བརྩོན་སྡེ་སྣོད་འཛིན་པའི་རྒྱལ་པོར་བསྔགས། །ཤཱཀྱའི་སྲས་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད། །ཟབ་ཡངས་ཏིང་འཛིན་རྒྱལ་མཚོ་ཆེན་པོའི་ཀློང་། །མངོན་ཤེས་ལ་སོགས་ཡོན་ཏན་ནོར་བུའི་གཏེར། །རྒྱལ་སྲས་སྤྱོད་པའི་རླབས་ཕྲེངས་ཆེར་གཡོ་བ། །བྱང་ཆུབ་སེམས་དཔའི་མཆོག་ལ་ཕྱག་འཚལ་བསྟོད། །གཞལ་བྱ་བདེན་པ་གཉིས་ཀྱི་ཆོས་ཚུལ་ཀུན། །ཡང་དག་རིགས་པའི་ལམ་ནས་གསལ་མཛད་པའི། །ཤེས་རབ་ཉི་ཟླའི་འོད་ཀྱིས་ས་སྟེང་ཁྱབ། །མཁས་པའི་དབང་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན། །དབུ་སེམས་ཟུང་འཇུག་ཤིང་རྟའི་ལམ་སྲོལ་ཕྱེས། །འཕགས་པའི་ཡུལ་ན་ཉི་ཟླ་ལྟ་བུར་གྲགས། །བསྟན་པའི་རྒྱན་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད་། །གངས་ཅན་མུན་པའི་ཁྲོད་དུ་རྒྱལ་བསྟན་མཆོག །སྣང་བའི་སྒོ་ཆེན་ཐོག་མར་ཁྱོད་ཀྱིས་ཕྱེས། །ཡང་དག་ལུང་དང་རིགས་པའི་རྒྱལ་རྔ་བསྒྲགས། །མཁན་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་བསྟོད། །བགྲང་བྱ་བརྒྱ་ཕྲག་དགུ་ཡི་གྲངས་བཞུགས་ཏེ། །འཕགས་ཡུལ་རྒྱ་ནག་གངས་ཅན་ལ་སོགས་པར། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བསྒྲེངས། །བསྟན་འཛིན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །རྨད་བྱུང་ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་དང་། །ཐབས་ལ་མཁས་པའི་རྣམ་རོལ་སྣ་ཚོགས་ཀྱིས། །བཟང་པོའི་ཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ། །བཀའ་དྲིན་འགྲན་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །མཐུ་སྟོབས་བདག་པོར་གྱུར་ཀྱང་བྱམས་བརྩེའི་ངང་། །ཡོན་ཏན་རྒྱ་མཚོའི་འབྱོར་ཀྱང་སྙེམས་མེད་ཞི། །གསང་སྔགས་ས་ལམ་རྫོགས་ཀྱང་དགེ་སྦྱོང་ཚུལ། །དམན་རྣམས་རྗེས་སུ་འཛིན་ལ་ཕྱག་འཚལ་བསྟོད། །བོད་འདིར་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར། །སྤྲུལ་པའི་བསྟན་འཛིན་ཡང་ཡང་འབྱོན་པ་དང་། །བསྟན་ལ་བྱ་བ་བྱེད་པར་ཞལ་གྱིས་བཞེས། །གངས་ཅན་མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །གང་སྐུ་བསྒོམ་པས་བསྟན་པའི་མངའ་ཐང་འཕེལ། །ཚུལ་ཁྲིམས་རྣམ་དག་ཏིང་འཛིན་ཤེས་རབ་རྒྱས། །མཐར་གྱིས་རྡོ་རྗེ་འཛིན་རྒྱལ་འགྱུར་ཞེས་གསུངས། །དཔག་མེད་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་བསྟོད། །དུས་མཐར་རྒྱལ་བའི་བསྟན་པ་ཉམས་དམའ་ཞིང་། །བསྟན་རྗེས་འཇུག་རྣམས་ཤིན་ཏུ་ཉམ་ཐག་ཚེ། །ཁྱེད་ཉིད་དྲན་པས་སྐྱོབས་པར་འགྱུར་རོ་ཞེས། །ཞལ་བཞེས་རྗེས་སུ་དྲན་ནོ་ཐུགས་རྗེ་ཅན། །དེང་དུས་སྙིགས་མ་ལྔས་བཅོམ་འགྲོ་བ་རྣམས། །ཡང་དག་ལྟ་བའི་དམིགས་རྣམ་རྙེད་དཀའ་ཞིང་། །ཚུལ་ཁྲིམས་ཏིང་འཛིན་བདུད་རྩིའི་སྐལ་བས་དབེན། །བསྟན་ལ་འཚེ་བའི་ཕྱོགས་རྣམས་ཆེས་ཆེར་བདོ། །ཆར་ལྡན་དུས་བཟང་རྫོགས་པའི་ནམ་གཞུག་བཞིན། །ཅི་ལ་བསམས་ཀྱང་སྐྱོ་བའི་དུས་འདི་ན། །རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །མགོན་པོ་ཁྱོད་ཀྱི་དམ་བཅའ་མ་བསྙེལ་ཅིག །སྡེ་སྣོད་རྒྱུད་སྡེའི་འཆད་ཉན་དར་བ་དང་། །བསླབ་གསུམ་རིམ་གཉིས་རྣལ་འབྱོལ་གོང་དུ་འཕེལ། །ལུང་རྟོགས་བསྟན་པའི་མངའ་ཐང་རབ་རྒྱས་པའི། །རྫོགས་ལྡན་དུས་བཟང་གསར་དུ་ངོམས་པར་མཛོད། །སྐྱེ་བ་ཀུན་ཏུ་ཁྱེད་ཀྱི་རྗེས་བཟུང་ནས། །རྒྱལ་བ་དགྱེས་པའི་ལམ་ལས་མི་གཡོ་ཞིང་། །མཐའ་ཡས་འགྲོ་བ་ཀུན་ཀྱང་རྒྱལ་ཀུན་གྱི། །གསང་འཛིན་གསང་བའི་བདག་པོ་ཉིད་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་དེ་ཉིད་རྣམ་པ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་དགུ་བའི་ཚེས་ལྔ་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ། །
༄༅།།ཆོས་རྒྱལ་ཆེན་པོའི་བསྟོད་པ་གངས་ཅན་མ་བཞུགས་སོ། །
གངས་ཅན་འགྲོ་བ་ཐབས་ཀྱིས་གདུལ་བའི་ཕྱིར། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་དབྱངས། །བོད་ཡུལ་རྒྱལ་པོའི་ཚུལ་དུ་ལེགས་སྣང་བ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་ཕྱག་འཚལ་བསྟོད། །ཉི་ཟླ་ཟུང་འདྲའི་མཁན་སློབ་རྣམ་གཉིས་སོགས། །རྒྱ་གར་པཎ་གྲུབ་བོད་ཀྱི་ལོ་ཙཱ་བ། །གངས་ཅན་ཕན་བདེའི་བྱེད་པོ་སྤྲུལ་པའི་སྐུ། །རྣམ་མང་བསྡུ་བར་མཛོད་ལ་ཕྱག་འཚལ་བསྟོད། །རིག་པའི་གནས་དང་མདོ་རྒྱུད་བསྟན་བཅོས་གཞུང་། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་མཛད་ཅིང་། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རབ་ཏུ་བསྒྲེངས། །མངའ་བདག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །མཐའ་བཞིའི་རྒྱལ་ཁམས་སྟོབས་ཀྱིས་དབང་དུ་བསྡུས། །གཙུག་ལག་ཁང་དུ་སྐུ་གསུང་ཐུགས་ཀྱི་རྟེན། །མདོ་སྔགས་འཛིན་པའི་སྡེ་གཉིས་བོད་དུ་བཀོད། །བོད་ཡུལ་སྐྱོང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་ཐབས་ཀྱིས་ཆོས་སྲིད་ཟུང་དུ་སྐྱོང་། །བཀའ་བཙན་སྲོལ་བཟང་རྒྱལ་ཁམས་བདེ་ལ་བཀོད། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཅེས། །སྙན་པས་ས་སྟེང་ཁྱབ་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་བདུད་རྩིའི་གྲུབ་པ་མངོན་དུ་གྱུར། །ཏིང་འཛིན་གཡོ་མེད་དགོངས་པའི་རྩལ་ཆེན་རྫོགས། །ཚད་མ་ལ་སོགས་ལེགས་བཤད་བསྟན་བཅོས་སྤེལ། །ཆོས་ཀྱི་རྒྱལ་པོ་ཁྱེད་ལ་ཕྱགས་འཚལ་བསྟོད། །སངས་རྒྱས་ལས་ཀྱང་ཆེས་དཀོན་གསང་སྔགས་ཀྱི། །གཞུང་ལུགས་རྣམས་དང་དེ་ཡི་གདམས་ངག་གིས། །བྷོ་ཊའི་ཡུལ་འདི་ཨོ་ཌཱི་ཡཱ་ན་དང་། །མཚུངས་པར་མཛད་པ་ཁྱེད་ལ་ཕྱག་འཚལ་བསྟོད། །དབྱིངས་ཀྱི་མཁའ་འགྲོས་རྒྱས་བཏབ་ཟབ་གསང་ཆོས། །སུས་ཀྱང་རྙེད་པར་དཀའ་བ་ནང་རྒྱུད་གསུམ། །གྲུབ་མཆོག་རྣམས་ཀྱིས་ཡོངས་བླང་ནོར་བུའི་གཏེར། །ས་འདིར་འགོད་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །བསིལ་ལྡན་ར་བ་དཀར་པོའི་ལྗོངས་འདི་ན། །རྒྱལ་བའི་བསྟན་དང་དེ་འཛིན་འདུས་པའི་སྡེ། །ཇི་སྙེད་བྱུང་བ་མགོན་པོ་ཁྱེད་ཀྱི་དྲིན། །བཀའ་དྲིན་འགྲན་བྲལ་ཁྱེད་ལ་ཕྱག་འཚལ་བསྟོད། །ད་དུང་སངས་རྒྱས་བསྟན་པ་གནས་ཀྱི་བར། །སྣ་ཚོགས་སྤྲུལ་པས་རྒྱལ་བའི་བསྟན་པ་དང་། །གངས་ཅན་ཕན་བདེ་སྤེལ་བར་མཛད་པ་ཡི། །ཐུགས་བསྐྱེད་མཉམ་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །བདག་ཅག་གངས་རིའི་ཁྲོད་གནས་མི་རྣམས་ཀྱིས། །རྒྱལ་བསྟན་རིན་ཆེན་ཆོས་ཀྱི་སྒྲ་ཙམ་ཡང་། །རྣ་བར་ཐོས་པ་ཁྱོད་ཀྱི་དྲིན་ཡིན་ན། །བློ་ལྡན་སུ་ཞིག་ཁྱེད་ལ་ཅིས་མི་གུས། །དེ་ཕྱིར་བདག་ནི་དད་མོས་རྩེ་གཅིག་གིས། །མགོན་པོ་ཁྱེད་ལ་བསྟོད་ཅིང་ཕྱག་འཚལ་ན། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་ཡིས། །བདག་ཅག་རྗེས་བཟུང་བྱིན་གྱིས་བརླབ་པར་མཛོད། །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ལུང་བསྟན་ཅིང་། །སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུ་བཙན་པས། །འཇམ་དཔལ་སྤྲུལ་པའི་རྒྱལ་པོའི་ཐུགས་བཞེད་བཞིན། །རྒྱལ་བསྟན་ཡུན་དུ་གནས་པ་ཉིད་གྱུར་ཅིག །མཐའ་ཡས་འགྲོ་ཀུན་ཐུགས་བརྩེས་ཡོངས་སུ་བཟུང་། །ནམས་མཁའ་ཇི་སྲིད་གཞན་ཕན་ཕྲིན་ལས་སྤྱོད། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་གཙུག་གི་རྒྱན། །མགོན་པོ་ཁྱེད་དང་མཚུངས་པར་བདག་གྱུར་ཅིང་། །(ཁྱེད་ལ་བསྟོད་ཅིག་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །) ཚིགས་བཅད་འདི་ཆོས་རྒྱལ་ཆེན་པོ་ཉིད་ཀྱི་གསུང་ཡིན་པར་གྲགས། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྨོན་ལམ་དང་། །བདག་ཅག་མོས་དགེ་རྣམ་པར་དཀར་བའི་མཐུས། །མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག །ཅེས་ཚིགས་སུ་བཅད་པ་མཆོད་པའི་ལྷ་མོ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་འཇམ་དཔལ་རྒྱས་པས་དགེ་ལེགས་འཕེལ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།