ཆོ་འཕྲུལ་ཆེན་མོའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་མུ་ནི་ནྡྲ་ཡེ།
དང་བོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །
བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །
བར་དུ་གཅོད་པའི་བདུད་བཞི་བཅོམ་མཛད་པ། །
བཅོམ་ལྡན་ཤཱཀྱ་སེངྒེར་མགོས་ཕྱག་འཚལ། །
སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས།
མཉམ་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །
ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་དེ། །
བསྟན་པ་རྒྱས་མཛད་ཁྱོད་ལ་བདག་གིས་བསྟོད། །
ཡིད་འོང་ཚེས་དཀར་འདྲུད་ཤིང་བསྒྲེང་བའི་མོད། །
ཁོར་ཡུག་དཔག་ཚད་ལྔ་བརྒྱའི་ལྗོན་པར་གྱུར། །
ཉི་ཟླའི་འོད་ལ་བསྙེམ་པའི་མེ་ཏོག་འབྲས། །
རོ་བརྒྱའི་བསུང་ཞིབ་སྒྲ་དབྱངས་རྣ་བར་འཇེབས། །
རིན་ཆེན་ས་འཛིན་མཐོ་ཞིང་མཛེས་བ་ཟུང་། །
སྣ་ཚོགས་ཆུ་སྐྱེས་འབྲས་ལས་སྙན་པར་སྒྲོག །
མངར་བའི་རོ་དང་འཇམ་པའི་མར་གད་རྩས། །
ཚིམ་པའི་མི་དང་རི་སྐྱེས་ཆོས་ཀྱིས་སྨིན། །
རབ་མཛེས་བི་མྦུའི་ཀློང་ནས་འཕོས་པའི་རྒྱུན། །
ཡན་ལག་བརྒྱད་ལྡན་རིན་ཆེན་རྫིང་བུ་ཆེར། །
འདབ་རྒྱས་པདྨའི་དྲི་དང་འོད་ཟེར་གྱིས། །
དགའ་བའི་འཁོར་རྣམས་རྣ་བའི་བཅུད་ལེན་རྒྱས། །
ཁྱད་འཕགས་རིན་ཆེན་རྫིང་དེའི་ངོས་རེར་ཡང་། །
འགྲོ་ཞིང་འོང་བའི་བཀྲ་ཤིས་ཡུར་བ་ནས། །
དལ་གྱིས་འབབ་པའི་སྒྲ་དབྱངས་ཟབ་མོ་ལས། །
བྱང་ཕྱོགས་ཕ་རོལ་ཕྱིན་པའི་ཆོས་ཚུལ་རྟོགས། །
བྱུ་རུའི་མཆུ་སྒྲོས་བཞད་པས་གསེར་གྱི་འོད། །
སྤྲོས་པས་འཇིག་རྟེན་སྣང་ཞིང་རེག་པའི་མོད། །
སྒྲིབ་བྲལ་ལུས་སེམས་བདེ་ལ་ཡོན་ཏན་གྱིས། །
དགའ་བས་སེམས་བསྐྱེད་མཐོ་རིས་བསོད་ནམས་སྤེལ། །
ཏིང་འཛིན་སྟོབས་ཀྱིས་ཕན་ཚུན་བསམ་པ་ཤེས། །
སོ་སོའི་སྣ་ཚོགས་ལས་ཀྱང་མངོན་དུ་གྱུར། །
ཀུན་ནས་དགའ་བས་བསྔགས་བརྫོད་མེ་ཏོག་འཐོར། །
སངས་རྒྱས་འབྲས་བུ་ལྷ་མི་དག་ཏུ་སྨོན། །
འཁོར་རྣམས་གླིང་བཞིར་དབང་བའི་རྒྱལ་པོར་གྱུར། །
རིན་ཆེན་བདུན་དང་སྟོང་ཕྲག་སྲས་ཀྱིས་བསྐོར། །
རྒྱལ་ཕྲན་བློན་པོ་བྱེ་བས་མཆོད་མཐོང་བར། །
ཆོས་བསྙན་ཚིམ་ཞིང་ཕན་དང་བདེ་བར་ཆས། །
འཇིགས་བྲལ་སེངྒེའི་ཁྲི་ཡི་ཕྱོགས་སུ་ཚངས་དང་བརྒྱ་བྱིན་དག་གིས་མཆོད། །
མཛེས་པའི་ཕྱག་གིས་ཁྲི་ལ་རེག་པས་དབང་བོའི་སྲིན་པོ་ཁྲོ་རྒྱལ་གྱིས། །
མུ་སྟེགས་ཚོགས་རྣམས་ཕལ་ཆེར་བཅོམ་ཞིང་སྟོང་ཕྲག་དགུ་བཅུ་རྗེས་སུ་ཞུགས། །
འོད་ཟེར་བརྒྱད་ཁྲིའི་པད་མར་རོལ་བའི་སྐུ་ཡིས་སྨིན་གྲོལ་ཆོས་ཀྱང་བསྟན། །
གང་སྐུ་མཐོ་བ་ཚངས་པའི་འཇིག་རྟེན་དུ། །
རེག་ཅིང་ལྷམ་མེར་གསལ་བ་ཀུན་གྱིས་མཐོང་། །
སྙན་བརྗིད་གསུང་གི་བདུད་རྩི་མྱང་བ་ལས། །
དགེ་ལེགས་དཔལ་གྱིས་ཡིད་ལ་སྐལ་བཟང་བྱིན། །
དེ་ནས་སླར་ཡང་འོག་མིན་ཞིང་ཁམས་སུ། །
སྐུ་ཡིས་ཡོངས་སུ་གང་བའི་འོད་ཟེར་ལས། །
གདམས་པའི་སྦྲང་ཆར་བབས་ལས་དད་པའི་ཞིང་། །
བྱང་གྲོལ་མཐོ་རིས་ལོ་འབྲས་གཡུར་དུ་ཟ། །
བལྟ་བས་མི་ངོམས་སྐུ་ཡི་དཀྱིལ་འཁོར་བསྡུས། །
གདོང་ལྔའི་ཁྲི་ལས་ཤིན་ཏུ་འཇམ་པའི་གསུང་། །
རང་རང་སྐལ་བ་ཇི་བཞིན་བསྒྲགས་པ་ཡིས། །
ཚོགས་གཉིས་དཔལ་དང་ལྡན་པའི་དགའ་བ་ཐོབ། །
ཡིད་འོང་བྱམས་པའི་ཏིང་འཛིན་མངོན་བྱས་ཏེ། །
གསེར་འོད་འབར་བའི་འོད་ཀྱིས་ཀུན་ནས་སྣང་། །
དེ་ཚེ་ཕན་ཚུན་མ་ལྟར་སྙིང་བརྩེ་ཞིང་། །
ཆོས་ཀྱི་འབྱོར་བས་མི་ལྡོག་ས་ཡང་ནོན། །
ལྟེ་བ་ནས་འོང་ཟུང་གི་འོད་ཟེར་ལ། །
གནས་པའི་པདྨར་སྤྲུལ་བས་ཆོས་ཀྱང་སྟོན། །
དེ་བཞིན་མཐར་གྱིས་སྟོང་གསུམ་ཁྱོན་ཁེངས་པས། །
ཀུན་ཀྱང་ཚད་མེད་བདེ་དགའ་ཅི་ཡང་མྱོང་། །
གང་སྐུ་ལྷུན་པོའི་སྤོ་ལ་མི་ཡི་དབང་། །
ཡིད་འོང་ཆུ་སྐྱེས་སྣ་ཚོགས་འཐོར་བའི་མོད། །
རིན་ཆེན་ཤིང་རྟ་བརྒྱ་ཕྲག་གདུགས་རིམ་གྱིས། །
སྟོང་གསུམ་དོག་པས་མཆོག་ཏུ་སྐལ་ལྡན་གྱུར། །
རྒྱ་ཆེན་སྣོད་རྣམས་ཀུན་ཏུ་བཀྲམ་པར་གདུག་ཆོད་དུས་ན་འབད་མེད་པར། །
རོ་བརྒྱའི་བཅུད་ཀྱིས་རབ་ཏུ་གང་བས་ཐམས་ཅད་ཚིམ་ཞིང་ལུས་སེམས་བདེ། །
མཉེན་ལྕུག་འཁྲི་ཤིང་ཡལ་འདབ་ཕྱག་གིས་དམྱལ་གནས་མ་ལུས་སྣང་བྱས་པས། །
དངངས་པས་སྐྲག་ལ་ལས་འབྲས་ཆོས་ཀྱིས་དད་པའི་མྱུ་གུ་ལྷག་པར་འཕེལ། །
དེ་ལྟར་རྟོགས་བརྗོད་མཛེས་པའི་པདྨ་དཀར། །
འབྲེལ་ཆགས་ཚིག་གི་སྐུད་པར་སྤེལ་བའི་ཕྲེང་། །
ཡིད་ཆེས་དད་པའི་མགུལ་བ་སྤུད་པའི་རྒྱན། །
བསྟེན་པས་གདུང་འཚོབ་དམ་པར་དག་གྱུར་ཅིག །
རབ་ཡངས་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་ཏུ།
རྣམ་དག་ཁྲིམས་ལྡན་ངུར་སྨྲིག་འཆང་བའི་སྡེས། །
གུས་རྟག་བརྩོན་པས་བཤད་དང་སྒྲུབ་པ་ཡིས། །
ཐུབ་དབང་བསྟན་པའི་འོད་སྟོང་འབར་གྱུར་ཅིག །
ཅེས་པ་འདི་ནི་དཔའ་རིས་སེ་རྩིད་དགེ་འདུན་སྐྱབས་ཀྱིས་ཡོན་ལེགས་པར་སྦྱར་ཏེ་དཔར་འདི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་བཀོད་པའོ། ། བཀྲ་ཤིས། དགེའོ། །མངྒ་ལཾ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།