རིག་འཛིན་འཇིགས་མེད་གླིང་པའི་ཆབ་ཤོག

WechatIMG2281.jpeg

༄༅། །བཀའ་བློན་ལྷ་སྡིངས་བར། 

ཕུན་ཚོགས་ནོར་བུའི་གན་མཛོད་འབུམ་འཇོ་བ། །འོད་སྣང་མཐའ་ཡས་ཉེ་འཁོན་མེད་པའི་སྤྱན། །རིགས་ཅན་དྲ་མ་ཁྱོད་ལ་གཡོས་པའི་མོད། །སྲོག་གི་སྐྱབས་སྦྱིན་ཕྱག་རྒྱས་རིང་དུ་སྐྱོངས། །གཡོ་བའི་རང་བཞིན་སྲིད་པའི་ཆོས་ཉིད་ཆེ། །གང་གིས་མ་དཀྲིགས་འཁོར་བ་ཡོད་མིན་ཡང༌། །དལ་བའི་རྟེན་ལ་རང་འབྱོར་བཞིས་ཕྱུག་ཅིང༌། །གསུམ་ལ་རིམ་གྲོར་བགྱིད་པ་ཁྱོད་ཅིག་གྲང༌། །གངས་རིའི་ལྗོངས་འདིར་འཕགས་པའི་གདུལ་ཞིང་ཕྱིར། །རྒྱལ་བསྟན་ལྷག་ཞབས་གནས་པའང་འདི་ཁོ་ནར། །ངེས་ཕྱིར་རིམ་གྲོ་བསྐྱེད་དང་སེམས་ཅན་གྱི། །བདེ་སྐྱིད་རྒྱལ་བློན་དག་ལ་རག་ལུས་སོ། །སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང༌། །བསྟན་པ་རི་མོར་བགྱིད་པའི་རྗེས་ཞུགས་ཏེ། །མི་ཆོས་གཙང་མ་བཅུ་དྲུག་དམ་བཅའ་དང༌། །ཁྱིམ་གནས་བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོངས། །ཆོས་ཀྱི་རིང་ལུགས་ཤེས་པའི་ཉེར་བསྡོགས་སུ། །ལུགས་ཀྱི་བསྟན་བཅོས་རྣམས་ལ་བསྙེན་བྱས་ཏེ། །རིགས་དང་དེ་ཡི་འགལ་ཟླ་རྣམ་གཉིས་ལས། །དང་པོའི་ཕྱོགས་ལ་བརྟུན་པའི་གོ་ཆ་བཀོན། །ཁྱད་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ། །རྒྱལ་བློན་སོ་སོར་གདམས་པའི་ལྟུང་བྱེད་བཅུས། །བྱོལ་ཏེ་གཟུགས་ཅན་སྙིང་པོའི་རྣམ་ཐར་སྐྱོངས། །དེ་ཡིས་སྦྱིན་ཚུལ་བཟོད་པའི་བ་དན་སློང༌། །འཁོར་བ་སྙིང་པོ་མེད་པའི་རང་གཟུགས་ལ། །ཆུ་ཟླ་རྨི་ལམ་ལྟ་བུར་ཉམས་མྱོང་ནས། །མངོན་མཐོའི་རྒྱུ་ཚོགས་ཡན་ལག་བརྒྱད་པ་དང༌། །བདེན་པ་གཉིས་ཀྱི་ཆོས་ལ་གུས་པར་མཛོད། །དངོས་ལའང་མ་འདྲིས་བཤེས་པའི་གསུང་མཆིད་དང༌། །སྔ་ཕྱིར་གཏོང་སེམས་གོམས་པའི་ཟང་ཟིང་སྐྱེས། །སྩལ་ལ་བཟང་པོ་བཞི་ལྡན་ཡོངས་བསྔོ་དང༌། །སྨོན་ལམ་རྣམ་པར་བརྒྱན་པའི་མཚམས་སྦྱོར་ཞུ། །གང་ཐུགས་དང་བའི་མེ་ཏོག་མནྡཱ་རའི། །སྐྱེད་ཚལ་དགའ་བའི་སྦྲང་རྩིས་བསྐྱེད་བསྲིངས་པའི། །གཟིགས་རྟེན་བྷྲ་མ་ར་ཡི་གཤོག་རླབས་ཀྱིས། །བཏེགས་པའི་བྱིན་མདུད་དང་བཅས་ཕྱོགས་དེར་དེངས།


ལྕགས་ཟམ་ཕྱག་མཛོད་བློ་གྲོས་དབང་པོས་སྒྲ་རིག་པ་ཁོང་དུ་ཆུད་པའི་གནས་ཚུལ་དང་ཆབ་གཅིག་རྫོགས་པ་ཆེན་པོའི་ཁྲིད་ཉན་དུ། ཁོ་བོའི་མདུན་སར་ལྷགས་རྒྱུའི་ཞུ་འཕྲིན་བྱུང་དུས་གསོལ་བ་སློབ་དཔོན་མཆོག་སྲེད་དབང་པོའི་གཏམ། 

བློ་གྲོས་མ་ལ་ཡ་ཡི་འཁྲི་ཤིང་རྩེར། །ཤེས་བྱ་འཇའ་ཚོན་རི་མོ་རྣམ་བཀྲ་ཡང༌། །གནས་ལུགས་འོད་མཚན་སྟོང་དུ་འབར་བའི་ཁྲིར། །གཅིག་ཏུ་རིངས་པའི་མདངས་ལྡན་ཀུ་མཱ་རར། །ཐོག་མཐའ་མེད་པའི་ཀུན་འབྱུང་གྲོང་ཁྱེར་ཆེར། །ཤིན་ཏུ་སྨད་པར་འོས་པ་སྡིག་པའི་མངལ། །དཀར་པོ་རྣམ་པར་འཕེལ་བའི་མཐུས་བཤིག་ལ། །ཁྱོད་དང་འཇིག་རྟེན་མེས་པོ་མཚུངས་ན་ཡང༌། །བསྔོ་བ་དམ་པའི་ཞགས་པས་བཅིངས་པའི་ཁྱད། །ལྟར་སྣང་འཇིག་རྟེན་འབྱོར་བས་མ་ཁེངས་པར། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ། །འཇུག་པར་འདོད་ཁྱོད་དེད་དཔོན་བཞིན་བཟང་དངོས། །ཀུན་མཁྱེན་གོ་འཕང་བགྲོད་པའི་ལམ་སྟེགས་གྲུར། །ཤེས་བྱའི་བ་དན་འཛུགས་པ་རྒྱལ་སྲས་ཀྱི། །འཇུག་ངོགས་དམ་པར་མ་ཟད་རྨོངས་ཆེན་གྱི། །དྲ་བ་འཇོམས་ལ་ཕུར་བུའི་གྲུབ་མཐར་གྲངས། །དེ་ཕྱིར་གང་ཟག་ཙམ་ལ་མི་རྟོན་པར། །ཆོས་ལ་རྟོན་པའི་རྣམ་ཐར་ལྷུར་བཞེས་ནས། །སྒྲ་དོན་གཙུག་ལག་རྒྱ་མཚོའི་དོ་ཤལ་གྱིས། །སྨིན་དྲུག་བསྙེངས་པའི་གནས་ལ་སྦྱར་དེ་སྤྲོ། །དེ་ལྟ་ན་ཡང་སྒྲ་རིག་ཟླ་བའི་མར། །ཀུ་ཤའི་ཆུན་པོས་རེག་པའི་དཔེས་མཚོན་ཏེ། །ཐུག་པ་མེད་པ་མུ་ཁྱུད་ལ་བསྐོར་བའི། །བརྟུལ་ཞུགས་ཡང་དག་འཇོག་ལ་དབུགས་དབྱུང་འཚལ། །མ་སྦྱངས་རིག་པ་ཨེ་རན་ཌ་ཡི་ཤིང༌། །སྙིང་པོས་སྟོངས་པའི་ཅ་ཅོ་སྒྲོག་པ་ལ། །མཆོག་ཏུ་སྤྲོ་བ་མིན་ཡང་ཐུགས་རྗེའི་སྤྱན། །བདག་ལ་རིངས་པར་གཟིགས་དེར་དངས་བའི་སྐྱེས། །སེམས་ཉིད་ནམ་མཁའི་བུ་མོ་ཡི། །ཟླ་ཞུན་ཁུར་ཚོས་ལ་བསྐུས་ནས། །བརྗོད་པ་སྙན་པར་སྒྲོག་བཞིན་དུ། །ནམ་མཁའ་མཛོད་ཀྱི་གམ་དེར་སོང༌།། །།

རྒྱ་རི་ཞབས་དྲུང་ལ་ཕུལ་བའི་མཆིད་ལན། 

རྣམ་དཔྱོད་ལུས་སྟོབས་བརྟས་པའི་གཉིས་འཐུང་གང༌། །ས་སྲུངས་དབང་པོ་ཐ་ཤལ་ནགས་ཁྲོད་ལ། །འདུན་སར་མི་བྱེད་དགའ་བ་བརྒྱ་ལྡན་གྱི། །ལྷ་ཡི་འདུན་སར་བག་ཕེབས་གཏམ་དེ་སྙན། །འཇིག་རྟེན་མོས་པོའི་བློ་གྲོས་གནམ་རུའི་རྒྱུད། །ཤེས་བྱའི་མཐེབ་ཀྱིས་བཀུག་པའི་ཉག་ཕྲན་མདའ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་སྐྱེད་མོས་ཚལ། །རྒྱ་ཁྱོན་བཀོད་པ་གཞལ་བའི་བྱེད་པོར་བསྐོས། །འཁོར་བ་སྒྱུ་མའི་གཟུགས་ཀྱི་འཁྲི་ཤིང་ལ། །རྨི་ལམ་ཤེས་པ་བཞིན་དུ་ཉམས་མྱོང་བ། །དབང་རྣོན་ཆོས་རྗེས་འབྲང་བའི་ཁྱད་ནོར་ཕྱིར། །རྣམ་པར་དཀར་བའི་ཟོང་དེ་འབད་པས་སྒྲུབས། །འདི་ན་རིན་ཆེན་གསུམ་གྱི་གྲིབ་བསིལ་ནི། །བསྟི་ལ་མངོན་པར་ཆས་པའི་རྣལ་འབྱོར་ཅན། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་དང༌། །ཆོས་ཉིད་མཉམ་པར་སྦྱོར་ལ་རྟག་ཏུ་འདུན། །དེ་བས་ཡང་ཡང་འགྲོ་དང་ལྡོག་པའི་ལས། །རྣམ་པར་ཤེས་པའི་ཁུར་དུ་ལྕི་བ་དེས། །གཉུག་མའི་གྲོང་ཁྱེར་ཉིད་དུ་བརྟན་པའི་གཏམ། །གང་ལས་ཅིག་ཤོས་སྣང་ཆར་གསལ་བ་མེད། །འདྲིས་པར་མིན་བཞིན་བཤེས་པར་གྱུར་པ་ཁྱེད། །ལང་ཚོའི་པདྨོ་སྙིང་ལ་སྤྲོ་བཞིན་པས། །བདེ་གཤེགས་བྱེ་བའི་མཚན་གཟུངས་ཚེ་ཡི་མདོ། །བརྒྱ་ཕྲག་རིམ་གྲོར་བསྐྱེད་ཅིག་ཤིས་པར་འགྱུར།། །།

WechatIMG1073.jpeg

འཕྱོང་རྒྱས་རྫོང་གི་དེབ་གསར་བཟོའི་འགོ་བརྗོད་བསྐུལ་མ་བྱུང་བ། 


ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་མཚན་དཔེའི་སྐུ་མཆོག་བལྟར་མི་མངོན། །ཡན་ལག་དྲུག་ཅུའི་གདངས་སུ་གདོན་ཀྱང་ཆོས་ཕུང་བརྒྱད་ཁྲིའི་མངོན་རྟོགས་ཅན། །རྟག་ཆད་གདོན་དང་བཤེས་པ་མ་ཡིན་ཟབ་ཞི་སྤྲོས་བྲལ་དབུ་མའི་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོའི་བརྗོད་པས་བསྔགས་འོས་དེ་ནི་ས་འཚོའི་བདག །འགོག་དང་ལམ་བདེན་འཁོར་ལོ་གསུམ་དུ་མངོན་བརྗོད་ཀྱང༌། །སྒྲ་དང་བྲག་ཆར་ཡོང་ཡེ་བཟུང་དུ་མི་སློབས་པ། །མཆོག་དམན་འགྲོ་བའི་རྣམ་པར་རིག་དང་འཚམ་པའི་གསུང༌། །རྒྱལ་བ་རྣམས་ཀྱི་གསུང་གི་མངོན་བརྗོད་ཉིད་དུ་སྒྲོག །ཉེས་སྤྱོད་སྡོམ་པའི་ཁྲིམས་ཀྱི་བླ་གོས་མཚམས་སྤྲིན་གསར་བས་བཙོས་པ་ཡང༌། །དགེ་བའི་ཆོས་སྡུད་དག་བྱེད་གཏེར་དང་འདུ་འབྲལ་སྤངས་པའི་ཚངས་སྤྱོད་ཅན། །གཞན་དོན་འབའ་ཞིག་ཡིད་ལ་གདུང་བ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། །རིག་གྲོལ་སྤོབས་པའི་འཁྲི་ཤིང་ཀྱང་ངོ་རིན་ཆེན་གསུམ་གྱིས་བདེ་ལེགས་མཛོད། །རྒྱལ་བས་སྤངས་པའི་གངས་ཅན་འདི་ནི་མིག་མི་འཛུམས་པས་ཡོངས་གཟིགས་ནས། །འཇམ་དཔལ་ཞིང་གི་བཀོད་པའི་བསྐལ་བར་གསར་དུ་བསྐྲུན་པའི་ཐུགས་བསྐྱེད་ལ། །རྒྱ་མཚོའི་གོས་ཅན་སྣོད་དུ་ཆུང་སྙམ་དོགས་པའི་རྒྱལ་མཚན་གསར་བ་ཡིས། །སྐྲག་པའི་གནས་འཐོབ་ངུར་སྨིག་གར་གྱིས་རྣམ་པར་རྩེན་ལ་སྤྱི་བོས་འདུད། །ས་ལ་སྤྱོད་པའི་དབང་པོ་དགེ་མཚན་ནི། །བང་མཛོད་དབྱིག་གི་གང་བ་ལས་འབྱུང་ན། །ས་བརྒྱད་ནོན་པའི་གནོད་མཛེས་ཆེན་པོ་བརྒྱད། །གཙུག་ཏོར་ནོར་བུའི་རྣ་ཆ་གཡོ་བཞིན་སྤྱོན། །ཞེས་སྒྲ་དབྱངས་ལྷ་མོའི་ཏམ་བུ་རའི་སྙན་འགྱུར་ལ་ཅུང་ཟད་རེག་སྟེ་དམ་པའི་ཡུལ་ལ་བསྟི་སྟང་གིས་གསོལ་ནས་བསྙད་པར་འོས་པ་ནི། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྣམ་པར་འཕྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་ཤིང་ས་མཁར་གྱི་སྲོལ་བཏོད། དབོན་སྲས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་གྱི་རིང་ལ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་གསར་དུ་འདུ་བྱས་ཤིང་དགེ་བཅུའི་ཡོན་ཏན་གྱི་མ་ཚང་བ་མེད་པས་ཡོངས་སུ་བཏུད་པའི་ཡུལ་ཡར་མོ་ནུབ་ཀྱི་སའི་ཆར། བརྒྱ་བྱིན་གྱི་གླང་པོ་ཆེ་ས་སྲུངས་བྲེས་ན་ཉལ་བ་ལྟ་བུའི་ས་འཛིན་གྱི་གདེངས་ཀས་གཟེངས་བསྟོད་པའི་བཙན་རྫོང་འཕྱོང་རྒྱས་འཕྱིང་བར་སྟག་རྩེ་ཞེས་བྱ་བ་ས་ཧོ་རའི་རྒྱལ་བརྒྱུད་རིམ་བྱོན་གྱི་བདེ་བའི་ལྷས་མལ་ལམ་ཕོ་བྲང་དུ་རུང་བར་བྱས་པ་གང་ཞིག་ཏུ་པདྨའི་ངང་ཚུལ་ཆོས་ཀྱི་རྒྱལ་པོ་ཚངས་པའི་མེ་ཏོག་སླར་ཡང་ཟ་འོག་གི་འཇོལ་བེར་ངུར་སྨྲིག་ཏུ་གནས་བསྒྱུར་བ་གངས་རིའི་མགོན་པོ་ངག་དབང་བློ་བཟང་རྒྱ་མཚོས་སྐུ་བལྟམས་པའི་ཕོ་བྲང་ཆེན་པོའི་མངའ་རིས་སུ་ཆུད་པའི་གཞིས་ཁག་རྣམས་ཀྱིས་བཞེས་འབྲུའི་འབབ་སོགས།། །།

རིག་བྱེད་འཛིན་པ་ལ་སྤྲིངས་པ། 

རྨོངས་ཆེན་གླང་པོས་རིང་སྤངས་པའི། །རིག་བྱེད་རྒྱ་མཚོའི་དེ་ཉིད་ལ། །ཀློག་ཏུ་མ་གྱུར་དེད་དཔོན་ཁྱེད། །དྲང་སྲོང་རྒན་པོའི་མཆིད་འདིར་གསོན། །ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི། །ཉེར་ལེན་སྲིད་པའི་ཆོས་ཡིན་ཡང༌། །དེ་ཡི་འགལ་ཟླས་མ་བཅོས་པ། །མཐོ་རིས་དམ་པའི་ཡོན་ཏན་བདུན། །གང་ལ་འཚོ་གཞེས་བརྟན་པ་ནས། །རིང་དུ་འདྲིས་ཤིང་གཅུགས་པའི་གཏམ། །མིང་ཚིག་ཡི་གེའི་ཞལ་སྒོ་ལས། །དར་དིར་གླེང་མོ་བྱེད་པ་བཞིན། །རྒ་བས་ལང་ཚོའི་དཔལ་བཅོམ་ཞིང༌། །སྲོག་གི་ལྷག་མ་ཙམ་འདི་ལ། །ཡིད་བརྟན་མེད་པའི་ངེས་འབྱུང་དང༌། །གཞན་ཕན་ལྷག་བསམ་འགྲན་པར་མཆིས། །འཇིག་རྟེན་རྒུད་པའི་ཆོས་ལ་སྐྱོ་ཞིང་དེ་ཡི་དབུགས་ཆེན་འབྱིན་པ་ནི། །རྒྱལ་དང་དེ་སྲས་ལས་གཞན་མིན་པས་དངུལ་དཀར་བྲེ་ཆེན་བཅུ་ཕྲག་ལས། །འཕགས་པ་མིག་མི་འཛུམས་པའི་ཞལ་དང་ས་སྙིང་ཐུར་སྲང་ལག་མིག་གིས། །བཀྲ་ཤིས་རྟགས་དང་ལྷག་གནས་འབུལ་སླད་ཆོས་འཁོར་ཆེན་པོར་དེང་ལ་ཉེ། །འགྱུར་དང་སྡུག་བསྔལ་འདུ་བྱེད་ཀྱི། །དམ་ལ་གཅུར་བའི་འཁོར་བ་འདིར། །སྐྱོ་བས་མངོན་མཐོའི་རིམ་གྲོ་ཡང༌། །ངེས་ལེགས་གྲུབ་ཕྱིར་འབད་འཚལ་ལོ། །མྱོང་གྲོལ་དམ་མདུད་དང་ལྷ་རྫས་བཅས།། །།སྲིད་སྐྱོང་རྟ་ཚག་རིན་པོ་ཆེར་རྟེན་བཞེངས་ཀྱི་ལེགས་འབུལ་ཆབ་ཤོག །ཆོས་ཀྱི་འབྱུང་གནས་སྨོན་པའི་རྔ་བོ་ཆེས། །གནས་ངན་ལེན་གྱི་དྲི་མ་བཀྲུས་པའི་ཞིང༌། །ཀུན་ནས་དག་པ་རབ་འབྱམས་སྐྱེད་མོས་ ཚལ། །བདེ་ལྡན་མགོན་པོས་འཚོ་གཞེས་ཆོ་ག་སྦྱིན། །རང་བཞིན་མེད་པའི་བདེ་གཤེགས་སྙིང་པོའི་ཁམས། །ཚོགས་བརྒྱད་ཞགས་པས་བཅིངས་པའི་ཡིད་ཅན་འདིའི། །བརླང་སྤྱོད་ལྕགས་ཀྱུས་བོས་པའི་དཀར་མིན་གྱི། །ཆོམ་པོར་གྱུར་པ་བསོད་ནམས་ཡེ་ཤེས་ཚོགས། །བྱེ་བྲག་རྩོད་ལྡན་གདུང་བ་ཞི་བའི་སྨན། །མི་བདག་དུང་གི་གཞོན་ནུ་མ་ཕམ་པ། །རྫོགས་ལྡན་གསར་པའི་དགའ་སྟོན་ཤིང་རྟའི་རྩེར། །འདྲེན་པའི་རྟེན་ཅིང་འབྲེལ་འབྱུང་ཆོ་ག་ལ། །ཐུགས་བསྐྱེད་ཚད་མེད་བཞི་པའི་ས་མཁན་གྱིས། །བྱ་བ་ལས་ཀྱི་འཁོར་ལོས་བདག་ཅག་ལ། །དབུགས་འབྱིན་ཆེན་པོ་སྩོལ་ལ་རངས་པའི་ཡིད། །ཡན་ལག་བདུན་གྱི་མཆོད་སྤྲིན་ཐོག་མར་འབུལ། །བྱས་པ་ཤེས་ལ་དྲིན་དུ་གཟོ་བ་ཡི། །མི་ལ་དཔལ་མགོན་ཉེ་བར་གནས་སོ་ཞེས། །བདག་ཅག་ཁོ་ནའི་སྟོན་པ་དེས་གསུངས་ཕྱིར། །དངོས་སྟོབས་ཆུང་ཡང་དང་པའི་རྟེན་ཙམ་དུ། །སྐུ་གསུང་ཐུགས་རྟེན་མཆོག་གིས་སྣ་དྲངས་བའི། །ཟང་ཟིང་རྫས་ཀྱི་བདོ་པ་ཉུང་ཟད་འདི། །ཉུང་ངུའང་མང་པོར་བགྱིད་པའི་མཐུ་ལྡན་པ། །ཀུན་ཏུ་བཟང་པོའི་སྤྲིན་དུ་འཆར་གྱུར་ཅིག །སེམས་ཅན་དང་ནི་ཆོས་ལ་དམིགས་པ་དང༌། །དམིགས་པ་མེད་པའི་བྱང་ཆུབ་སེམས་གསུམ་ལས། །དང་པོའི་དོན་ཉིད་གཙོ་བོར་གྱུར་པ་ཡིས། །མཐུན་འགྱུར་མཛད་ལ་དེང་འདིར་དགོངས་ཤིག་ཀྱེ།། །།རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར། དུས་གསུམ་རྒྱལ་པའི་ཞལ་སྐྱིན་མཆོག །སངས་རྒྱས་གཉིས་པ་པདྨ་དང༌། །ཀུན་མཁྱེན་ངག་གི་དབང་པོ་ཡིས། །སྐྱེས་བུ་ཁྱོད་ལ་བྱིན་གྱིས་རློབས། །ཚངས་པ་ལྷ་ཡི་མེ་ཏོག་དེ། །གངས་རིའི་ལྗོངས་འདིར་ཡང་ནས་ཡང༌། །གེ་སར་རྒྱས་པའི་ཟེའུ་འབྲུ་ལ། །ཉང་རལ་དྷརྨ་ཤྭ་ར་དང༌། །ཡེ་ཤེས་རོལ་པའི་རྡོ་རྗེ་བྲག །གང་གི་བྲག་ཆེན་རྡོ་རྗེ་དེར། །དགུང་གཅིག་རྣལ་བའི་རྟེན་འབྱུང་ལས། །མངྒ་ལའང་དབང་པོའི་སྡེའི། །ཆོས་གཞི་ཨེ་ཝམ་ལྕོག་སྒར་གྲུབ། །ཡབ་སྲས་གཉིས་མེད་ཐུགས་བསྐྱེད་ལས། །རྣམ་པར་འཕྲུལ་པ་ཁྱོད་ཅིག་དང༌། །དངོས་ཅག་སྐྱེས་པ་རབ་ཀྱི་ཕྲེང༌། །སྨོན་པས་འབྲེལ་བའི་ལས་འཕྲོ་སད། །གང་ཕྱིར་བདག་ལ་མ་འདྲིས་པའི། །མཛའ་བཤེས་ཐུགས་སུ་བྱོན་པ་ཡི། །མངོན་རྟོགས་རྔོན་པའི་བཀའ་མཆིད་ལ། །སྤྲོ་དང་རྗེས་སུ་ཡི་རང་འགྲན། །རྨོངས་པས་དཀྲུགས་པའི་གཞན་དབང་གི། །གཡང་སར་ལྷུང་བ་མེད་ཁྱོད་ལ། །བདག་གིས་སྤངས་དང་རྟོགས་པའི་ཆོས། །མངོན་སུམ་འཕོ་བར་ཅིས་མི་སྨོན། །རྒ་བའི་ཆད་པས་ནོན་གྱུར་ཅིང༌། །དབང་ཤེས་ལྡོངས་པར་གྱུར་ན་ཡང༌། །དམ་པའི་ཞིང་སར་དམ་པའི་ཀླུང༌། །འདྲེན་ལ་སྐྱོ་བའི་སྐབས་མི་དབྱེ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །སྔ་འགྱུར་ནུབ་རིར་སོན་པའི་ཚེ། །བསྟན་པའི་རྩ་ལག་ཆེན་པོར་རེ། །ཐོས་བསམ་སྒོམ་ལ་ཐུགས་སྟོབས་བསྐྱེད། །དམ་པ་རྣམས་ཀྱིས་དམ་བཅའ་ནི། །བསྟན་དང་འགྲོ་ལ་སྨན་པ་ཡི། །བྱང་ཆུབ་སེམས་མཆོག་ཁོ་ནའི་ཕྱིར། །སྐྱེས་བུ་ཆེན་པོའི་རྣམ་ཐར་སྐྱོངས། །རོང་པ་ཆོས་ཀྱི་ཟབ་པོ་དང༌། །རྒྱལ་བ་ཀློང་ཆེན་རབ་འབྱམས་དང༌། །ཞང་ཞུང་པཎྜི་ཏ་སོགས་ཀྱི། །གཞུང་ལ་རྟག་ཏུ་བསྟེན་གོམས་འཚལ། །དེ་ཡི་རྒྱུས་ལ་རྒྱུད་འབུམ་གྱི། །ཆོས་འབྱུང་འཛམ་གླིང་ཐ་གྲུའི་རྒྱན། །སྤྱན་ལམ་བསྟར་བར་སྤྲོ་མོད་ཀྱང༌། །དེང་ཚེ་འབྲི་གུང་ཕྱོགས་སུ་དེངས། །འོན་ཀྱང་སྟོན་ཟླའི་གང་བ་ལ། །བསམ་ཡས་ཆོས་འཁོར་ཆེན་པོ་དེར། །ལྷག་གནས་བགྱིད་ལ་ཕྱོགས་པའི་ཚེ། །ཕོ་ཉའི་འགྲོས་ཀྱིས་སྐབས་དབྱེར་གསོལ། །དེང་གི་རིས་ལ་བཀའ་ཕེབས་བཞིན། །རྟོགས་པ་བརྗོད་དང་གཏམ་གྱི་ཚོགས། །ཤོག་གྲངས་ཟུར་གསལ་ལྟར་འབུལ་གྱི། །ཡ་རབས་རྣམས་ལ་སྐྱེས་ཀྱི་མཆོག །རྟག་ཏུ་ཞབས་པད་བརྟན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་རྒྱ་མཚོ་དང༌། །སྐྱེས་བུ་གསུམ་གྱི་གཞུང་ལམ་ནས། །སེམས་ཅན་བདེ་ལ་འགོད་པར་འཚལ། །སྤྱན་རས་གཡོ་བའི་ལྷ་རྫས་དང༌། །ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ། །ཆེ་མཆོག་བདུད་རྩིའི་སྒྲུབ་རྫས་བཅས། །མོས་དང་དད་པའི་སེམས་ཀྱིས་ཕུལ།། །།ལྷོ་བྲག་ལྷ་ལུང་ཐུགས་སྲས་སྤྲུལ་སྐུར་མཆིད་ལན། རི་མོ་གཡས་སུ་དཀྲིས་བའི་དགེ་མཚན་གྱི། །དབྱངས་ཡིག་ཡན་ལག་དྲུག་ཅུར་རྫོགས་པའི་གདངས། །དབྱངས་ཅན་འཕང་འགྲོའི་རྒྱུད་མིན་བདེ་གཤེགས་ཀྱི། །སྒྲ་ཚིག་བརྗོད་པ་བྲལ་དེས་ཁྱོད་བྱིན་རློབས། །རིང་ནས་བཤེས་པའི་དམ་བཅའ་མི་འགོག་པས། །སྙན་ཚིག་ཀ་ལ་པིངྐའི་རྒྱུན་ཆགས་གླུ། །འཚོ་གཞེས་ཆོ་ག་བརྟན་པའི་སྐབས་དབྱེ་བཞིན། །དངོས་དཀྱིལ་མཐོང་བའི་དགའ་་མཛད་ལ་རིངས། །འདི་ན་བདེ་གཤེགས་སྙིང་པོའི་ཆོས་ཉིད་ལ། །བྲི་གང་འཕོ་འགྱུར་མིན་བཞིན་དབང་ཤེས་རྣམས། །རྒ་བའི་ཆད་པས་ནོན་ཀྱང་ལྷག་བསམ་གྱི། །ཤིང་རྟའི་ཕྱི་བཞིན་བདུན་གྱི་བདུན་པ་འགྲོ། །འཁོར་བའི་རང་བཞིན་སྡུག་བསྔལ་བདེན་པ་ཡིས། །དམ་ལ་མ་གཞག་མེད་ཀྱང་རྩོད་ལྡན་གྱི། །འགྲོ་འདིའི་ལུས་སེམས་བརླང་སྤྱོད་རྩུབ་མོ་དེས། །ལྷག་བར་གཟིར་བའི་རྒྱུ་འབྲས་འགོག་པའི་སླད། ༤།སཽརྞ་རཱུ་པཾ་ཐུར་སྲང་བརྒྱ་ཕྲག་དྲུག རྒྱུ་འགྲོར་ཚོགས་པའི་མ་ཕམ་མགོན་གྱི་སྐུ། །བཟོ་གནས་རིག་པ་ལས་བྱོན་དེའི་ལྷག་གནས། །བགྱིད་པ་བསམ་ཡས་ཆོས་འཁོར་དེང་དུ་ཉེ། །སྲིད་པའི་མཚོ་འདིར་བདེ་སྐྱིད་སྤྱོད་བྱེད་སྨན། །རྒྱལ་བསྟན་རིན་ཆེན་བཻ་ཌཱུརྱ་ཡི་ཁམས། །དེ་འཛིན་སྐྱེས་བུ་མཆོག་གི་བདག་པོའི་རྒྱན། །ཉིད་ཕྱིར་ཤེས་རབ་གསུམ་ལ་ཐུགས་བརྩོན་བསྐྱེད། །དེ་ཡང་དོན་ལ་རྟོན་པའི་གནས་མང་དག །ཚིག་ལ་རྟོན་པའི་རྟོག་གེའི་མུན་སྤྲུལ་གྱིས། །བསྟན་པ་དཀྲུག་པའི་གཉེན་པོར་ཀུན་མཁྱེན་ཆེའི། །མཛོད་བདུན་ཤིང་རྟ་རྣམ་གསུམ་ལས་གཞན་མིན། །དེ་ཕྱིར་རྒྱལ་བ་གཉིས་པའི་གཞུང་ལུགས་ལ། །རྟག་ཏུ་བསྟེན་གོམས་མཛད་པར་བསྐུལ་པ་ཡི། །མཆོད་པའི་སྤྲིན་འདི་སྟོང་གསུམ་རིན་ཆེན་ཀྱིས། །བཀང་བས་ཆེས་ལྷག་བདག་གིར་གཞེས་ཤིག་གུ། །རིང་མིན་སྐྱིན་བལྟ་དང་ཆབ་གཅིག་པར། །ཡ་རབས་དམ་པ་རྣམ་ལ་སྐྱེས་ཀྱི་མཆོག །སྟོན་པའི་དམ་ཆོས་རྣམ་གཉིས་བདུད་རྩིའི་སྤྲིན། །ཐུགས་ཀྱི་དཔལ་བེར་འབབ་པའི་བཀྲ་ཤིས་ཤོག།། །།མངའ་རིས་སྤྲུལ་སྐུའི་ཆབ་ཤོག་ལན། ལེགས་སྤྱད་ལེགས་སྨོན་རྒྱ་མཚོའི་ཤིང་རྟ་མཆོག །ཚོགས་གཉིས་དཔྱིད་ཀྱི་ཐིག་ལེའི་མུ་ཁྱུད་ཀྱི། །སྡེ་སྣོད་རྒྱ་མཚོའི་གོས་ཅན་ལ་དྲང་བ། །གང་གི་བཞེད་དོན་ལྷུན་གྱིས་གྲུབ་གྱུར་ཅིག །ཞི་བ་ཕྱོགས་གཅིག་མྱ་ངན་འདའ་བ་ཡི། །དགྲ་བཅོམ་བརྟུལ་ཞུགས་བསླབ་པའི་མཛོད་ཁང་ནས། །བྱང་ཆུབ་འཇུག་པའི་སྤྱོད་པ་རླབས་པོ་ཆེས། །བདག་ལའང་རྗེས་སུ་ཡི་རང་དགེ་ཚོགས་བྱིན། །རིགས་གསུམ་སེམས་དཔའི་ཐུགས་བསྐྱེད་གཞལ་མེད་ཁང༌། །རྡུལ་སྙེད་འབྱུང་བའི་ཆོམ་པོས་བཀབ་པ་ལ། །དལ་འགྲོའི་དཔུང་ཚོགས་ཡན་ལག་བཞི་བཤམས་པའི། །རྣམ་སྨིན་ག་པར་རྡུལ་དུ་འཛག་དེ་རྨད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མཐའ་དག་གི། །བརྡ་དོན་ཁུར་དུ་བཟོད་པའི་མཆོད་སྡོང་གིས། །བརྟེན་པ་རིང་བསྲེལ་བཞི་པའི་ཡན་ལག་དང༌། །བཅས་པ་དང་བའི་ངང་ནས་བཞེས་སུ་གསོལ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།