དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པ་གང་ཉིད་ཡུལ་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ནས་མངོན་དགའི་ཞིང་དུ་གཤེགས་ཁར་རས་པ་རྣམས་ལ། ཁྱེད་རྣམས་ཚེ་འདིར་སྙན་གྲགས་འདོད་པའི་དུག་ཆུ་མ་འཐུང་བར། ཆོས་སུ་མིང་བཏགས་པའི་འཇིག་རྟེན་ཆེ་ཐབས་སྒྲུབ་པའི་བྱ་བ་སྤྲོས་པ་ཐམས་ཅད་བློས་ཐོངས་ལ་དགེ་སྦྱོར་དུ་འབུངས་ཤིག ཅེས་གསུངས་པར། རས་པ་རྣམས་ཀྱིས། གཞན་དོན་དུ་འགྱུར་ན་སྤྲོས་པ་ཅུང་ཟད་རེ་བགྱིས་པས་ཆོག་ལགས་སམ་ཞུས་པ་ལ་ཞལ་ཆེམས་སུ་མགུར་འདི་བཞེས་སོ།།
༄། །རྗེ་སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །
ཆོས་མཛད་ཉམས་ལེན་བྱེད་འདོད་རྣམས། །
མཚན་ལྡན་བླ་མ་མ་བསྟེན་པའི། །
མུས་གུས་བྱས་ཀྱང་བྱིན་རླབས་ཆུང་། །
དབང་བསྐུར་ཟབ་མོ་མ་ཞུས་པའི། །
རྒྱུད་རྐྱང་ཚིག་གིས་རང་ཉིད་འཆིང་། །
རྒྱུད་སྡེ་དཔང་པོར་མ་བཞག་པའི། །
ལག་ལེན་ཐམས་ཅད་གོལ་སའི་རྒྱུ། །
མན་ངག་ཟབ་མོ་མི་སྒོམ་པའི། །
བྱ་བ་བཏང་ཟེར་རང་སྡུག་ཡིན། །
ཉོན་མོངས་གཉེན་པོས་མི་ནོན་པའི། །
ཁ་བཤད་སྐམ་པོ་སྟོང་སྒྲ་ཡིན། །
ཟབ་མོའི་ཐབས་ལམ་མི་ཤེས་པའི། །
བརྩོན་འགྲུས་བྱས་ཀྱང་སྙིང་པོ་ཆུང་། །
གནད་འགག་ཟབ་མོ་མི་ཤེས་པའི། །
སྙིང་རུས་བྱས་ཀྱང་ལམ་ཡུན་རིང་། །
བསོད་ནམས་མང་དུ་མ་བསགས་པའི། །
རང་དོན་གཅིག་པུ་འཁོར་བའི་རྒྱུ། །
བསགས་པ་ཆོས་ལ་མ་བཏང་བའི། །
བསྒོམས་ཀྱང་ཡོན་ཏན་སྐྱེ་བ་མེད། །
ཆོག་ཤེས་ནང་ནས་མ་སྐྱེས་པའི། །
མང་པོ་གསོག་འདོད་མི་ཡི་ནོར། །
ནང་གི་བདེ་སྐྱིད་མ་ཤར་བའི། །
ཕྱི་ཡི་བདེ་སྐྱིད་སྡུག་བསྔལ་རྒྱུ། །
ཆེ་འདོད་འགོང་པོ་མ་ཐུལ་པའི། །
གྲགས་འདོད་རང་ཕུང་ཁ་མཆུའི་རྟེན། །
ལེགས་འདོད་ཉོན་མོངས་དུག་ལྔ་འཁྲུག །
དངོས་འདོད་བྱམས་པའི་གྲོགས་དང་འབྲལ། །
ང་ཆེ་རེ་འཁང་མང་བའི་རྒྱུ། །
ཁ་རོག་བཞུགས་དང་ཁ་མཆུ་མེད། །
མ་ཡེངས་སྐྱོངས་དང་གཡེང་བ་བྲལ། །
གཅིག་པུར་སྡོད་དང་གྲོགས་དང་མཇལ། །
དམན་ས་ཟུངས་དང་མཐོ་སར་སླེབ། །
བྱ་བ་བཏང་ན་དོན་ཆེན་འགྲུབ། །
ཟབ་ལམ་སྐྱོངས་དང་མྱུར་ལམ་འགྲུབ། །
སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །
སྙིང་རྗེ་སྐྱེས་ན་བདག་གཞན་མེད། །
བདག་གཞན་མེད་ན་འགྲོ་དོན་འགྲུབ། །
འགྲོ་དོན་འགྲུབ་ན་ང་དང་མཇལ། །
ང་དང་མཇལ་བས་སངས་རྒྱས་ཐོབ། །
བདག་དང་སངས་རྒྱས་བུ་སློབ་གསུམ། །
དབྱེར་མེད་གཅིག་ཏུ་གསོལ་བ་ཐོབ། །
ཅེས་གསུངས་སོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།