ཀ་ལ་པིངྐའི་ལུང་བསྟན་དྲིན་ཅན་བླ་མས་གནང་བྱུང་། །
ཁ་སྨྲས་གླེང་གཞིར་འཇིགས་ན་རྣལ་འབྱོར་དབང་པོ་མ་ཡིན། །
ག་ནས་བསམས་ཀྱང་ད་ནི་རེ་དོགས་མཐའ་ནས་གྲོལ་སོང་། །
ང་ཅག་པདྨའི་བུ་བརྒྱུད་ལས་འཕྲོ་སད་པའི་གང་ཟག །
ཅ་ཅོ་བྲག་ཅའི་སྒྲ་ལ་ཁུ་ལན་བྱིན་པས་ཅི་ཡོང་། །
ཆ་ལུགས་བལྟར་སྣང་ངན་ཡང་འཕགས་པའི་ནོར་གྱིས་ཕྱུག་པས། །
ཇ་ཆང་སྒྱུ་མའི་ནོར་ལ་ཆགས་སྲེག་ཞེན་པ་མི་གདའ། །
ཉ་ལྟར་ཆགས་མེད་ཞེན་མེད་གྲུབ་ཐོབ་གོང་མའི་ཤུལ་ལམ། །
ཏ་ཐཱ་ག་ཏའི་བསྟན་པ་དེང་སང་བོད་ན་དར་ཀྱང་། །
ཐ་དད་ཟུང་དུ་འཇུག་པའི་གསང་སྔགས་ཉེ་ལམ་མི་ཤེས། །
ད་ལྟ་ཤི་ཡང་མི་འགྱོད་གདེང་ཆེན་བློ་ལ་ཁེལ་འདུག །
ན་འཆི་རྐྱེན་ངན་བྱུང་ཀྱང་རང་རིག་སྐྱེ་མེད་སྤྲོས་བྲལ། །
པ་སངས་ལྟ་བུར་དཀར་པའི་དག་སྣང་ཁྱེད་ཀྱིས་སྦྱངས་དང་། །
ཕ་མ་འབྲེལ་ཐོག་ཀུན་ལ་སྨོན་ལམ་འན་བུས་ཞུས་ཆོག །
བ་ལང་ལྟ་བུའི་སྐྱེ་འགྲོ་དབང་པོ་རྣམ་རིག་གཙང་ཡང་། །
མ་རིག་རྨོངས་པའི་མལ་དུ་ངན་སོང་སྒྲུབ་པ་སྙིང་རྗེ། །
ཙ་ར་ཟན་གོང་གསོད་པའི་གྲོང་སྔགས་སྡིག་ཅན་རྣམས་ཀྱང་། །
ཚ་གྲང་དམྱལ་བ་མྱོང་དུས་འོ་བརྒྱལ་ཅི་འདྲ་བྱེད་པ། །
ཛཿབྷྱོ་རྦད་པའི་དྲག་སྔགས་གྲོང་ཁྱེར་ཧྲལ་པོའི་རྒྱན་ཆ། །
ཝ་ལྟར་ཕུགས་སུ་ཡིབས་པ་བྱང་ཆུབ་སེམས་དཔའི་ཤུལ་ལམ། །
ཞྭ་མོས་གྲུབ་མཐའ་འཛིན་པ་སྙིགས་མ་ལྔ་བདོའི་དུས་རྟགས། །
ཟ་ལན་ཚོགས་གསོག་རིམ་པ་ལྔ་བརྒྱ་ཐ་མའི་དགེ་རྩ། །
འ་ཅག་བསྐྱེད་རྫོགས་ཟུང་འབྲེལ་ཚོགས་གཉིས་མཉམ་རྫོགས་བྱས་ནས། །
ཡ་མཱནྟ་ཀ་བྱུང་དུས་པདྨ་འོད་དུ་དེངས་འགྲོ། །
ར་གན་གསེར་གྱིས་གཡོགས་པའི་ཚུལ་འཆོས་བསླུ་བྲིད་མི་ཤེས། །
ལྭ་ཝ་ལྟ་བུར་རྒྱུ་སྤུན་ཕྱི་ནང་མེད་པར་བྱས་ནས། །
ཤ་ཟ་སྲིན་པོས་བསྐོར་བའི་རྔ་ཡབ་པདྨ་འོད་ཀྱི། །
ས་འཛིན་དག་པའི་སྤོ་ལ་པད་འབྱུང་མཇལ་བར་དེངས་འགྲོ། །
ཧ་ལའི་བློ་ངན་འཆང་བའི་སྐྱེ་འགྲོ་གདུལ་བ་དཀའ་ཡང་། །
ཨ་དོན་སྐྱེ་མེད་སྒོམ་ས་ཚེ་རིང་ལྗོངས་ལ་ཞུས་ནས། །
སྐུ་གསུམ་རྩལ་ཆེན་རྫོགས་པ་བདེ་བ་ཆེན་པོའི་ཕོ་བྲང་། །
ཀུན་རྟོག་དབུ་མར་ཐིམ་པ་འོད་གསལ་ཆེན་པོའི་འཆར་གཞི། །
འཁོར་ལྔའི་མདུད་པ་གྲོལ་བ་ལྷན་སྐྱེས་ཕོ་ཉའི་གར་མཁན། །
སྨོན་ལམ་རྣམ་པར་དག་པའི་ཞིང་མཆོག་ཉིད་ལ་དེངས་འགྲོ། །
ཞེས་ཀྱང་སྨྲས་སོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།