ཀུན་བཟང་བླ་མའི་ཞལ་ལུང་ཉི་ཧོང་གི་སྐད་དུ་བསྒྱུར་བ།

IMG_0226.JPG

རྫོགས་ཆེན་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཉི་ཧོང་གི་སྐད་དུ་བསྒྱུར་བར་ཆེད་དུ་བརྗོད་པ།

དུས་རབས་གོང་མའི་༡༨༠༨ནས་༡༨༨༧བར་དུ་བྱོན་པའི་བོད་ཀྱི་ནང་བསྟན་རིག་གཞུང་ལ་མཁས་པ་དང་ཉམས་ལེན་པ་གྲགས་ཅན་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་ནི། རྫོགས་པ་ཆེན་པོའི་དངོས་གཞིའི་ཟབ་ཆོས་ཀྱི་སྔོན་དུ་སྒྲུབ་པར་བྱ་བ་སྔོན་འགྲོའི་ཆོས་སྐོར་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་རིགས་པས་རྒྱུ་མཚན་གཙོར་སྟོན་མ་ཡིན་པར་ཁ་གསལ་གོ་བདེ་ཉམས་ལེན་མན་ངག་གི་ལུགས་སུ་མཛད་པའི་ཁྲིད་ཡིག་གྲགས་ཆེན་འགྲོ་ཕན་དང་ལྡན་པ་ཞིག་སྟེ། གླེགས་བམ་འདི་ཐོག་མར་མཛད་པ་ནས་གནའ་དུས་བོད་ཡུལ་ཡོངས་སུ་གྲགས་ཆེ་ཞིང་འགྲོ་ཕན་རྒྱ་ཆེ་བ་མ་ཟད་ད་ལྟའི་བར་འཛམ་གླིང་ཡིག་རིགས་འདྲ་མིན་ལ་བསྒྱུར་བ་ཆེས་མང་པའི་བོད་ཀྱི་ཆོས་དཔེ་དེ་ཡིན་པས་རིགས་མི་གཅིག་པའི་འགྲོ་བ་མང་པོ་ལ་ཕན་ཐོགས་ཡོད་པ་སྨོས་ཅི་དགོས། འདིའི་བསྟན་དོན་སྔོན་འགྲོའི་ཆོས་ཀྱི་རིམ་པ་འདི་དག་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ་ཐོག་མར་བློ་སྦྱོང་བ་དང་བསགས་སྦྱང་བྱེད་དགོས་པའི་སྔོན་འགྲོ་ཡིན་པར་མ་ཟད། སྔོན་འགྲོའི་ཆོས་འདི་དག་ལ་ཉམས་ལེན་བྱས་པས་ནང་བ་སངས་རྒྱས་པའི་ཆོས་མདོ་དང་སྔགས་ཐེག་པ་ཆེ་ཆུང་ཐམས་ཅད་ལ་ཉམས་ལེན་བྱས་པའི་གནད་སྒོ་ཚང་བ་སྟེ། ཉན་ཐོས་པའི་ལུགས་སུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདེན་པ་བཞིའི་ཉམས་ལེན་དུ་བསྡུ་བར་མཛད་པས་འདིའི་ཐུན་མོང་ཕྱི་ཡི་སྔོན་འགྲོའི་སྐབས་སུ་འཁོར་བའི་ཉེས་དམིགས་བསྟན་པས་འཁོར་བའི་འབྲས་བུ་སྡུག་བསྔལ་བདེན་པ་ནད་ལྟ་བུ་ངོས་ཟིན་པ་དང་། ལས་རྒྱུ་འབྲས་ཀྱི་ཁྲིད་ཀྱིས་རྒྱུ་ཀུན་འབྱུང་བདེན་པ་ནད་ཀྱི་རྒྱུ་ལྟ་བུ་དེ་སྤང་བྱར་ཤེས་པ། ཐར་བའི་ཕན་ཡོན་བསྟན་པས་མྱ་ངན་ལས་འདས་པ་འགོག་པའི་བདེན་པ་ནད་ལས་ཐར་བའི་གནས་སྐབས་ལྟ་བུ་ཐོབ་བྱར་ཤེས་པ། དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་བཤེས་གཉེན་བསྟེན་པའི་ཁྲིད་ཀྱིས་ལམ་གྱི་བདེན་པ་ནད་བཅོས་བྱེད་ཀྱི་སྨན་འཆི་སོས་ལྟ་བུ་དམ་ཆོས་ཉམས་སུ་ལེན་པའི་ཚུལ་བསྟན་པས་བདེན་པ་བཞིའི་ཉམས་ལེན་ཉན་ཐོས་པའི་ལམ་ཡོངས་སུ་ཚང་ཕྱིར་ཐུན་མོང་ཕྱི་ཡི་སྔོན་འགྲོ་ཞེས་བརྗོད། 

WechatIMG531.jpeg

དེ་ནས་ཐུན་མིན་ནང་གི་སྔོན་འགྲོའི་སྐབས་སུ་མདོ་ཐེག་པ་ཆེན་པོའི་ཉམས་ལེན་གྱི་ཟབ་གནད་ཐམས་ཅད་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་གཉིས་སུ་འདུས་ཤིང་། དེ་གཉིས་ཀྱང་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་ཀྱི་ཁོངས་སུ་མ་འདུས་པ་མེད་ཕྱིར་སེམས་བསྐྱེད་ཀྱི་ཁྲིད་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་ཡང་སྙིང་ཐམས་ཅད་འདུས་ནས་ཡོད་པ་ཡིན། དེ་ནས་གསང་སྔགས་ཐུན་མོང་གི་ཉམས་ལེན་བསྐྱེད་རིམ་དང་རྫོགས་རིམ་གཉིས་སུ་མ་འདུས་པ་མེད་ཅིང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་བསྐྱེད་པའི་རིམ་པ་དང་། བླ་མའི་རྣལ་འབྱོར་དང་འཕོ་ཁྲིད་ཀྱིས་རྫོགས་རིམ་གྱི་ཉམས་ལེན་མདོར་བསྡུས་ཤིང་གནད་ཟབ་པར་བསྟན་ཡོད་པ་མ་ཟད། ཐེག་ཆེན་གྱི་སྐྱབས་འགྲོ་དང་མཎྜལ་གྱི་བསགས་སྦྱང་ཀུ་ས་ལའི་ཚོགས་བསགས་རྣམས་ཀྱང་བསམ་སྦྱོར་གཉིས་ཀས་ཉམས་ལེན་ཚད་ལྡན་བྱུང་ན། བྱ་སླ་ལ་ཆོད་ཆེ་བའི་མན་ངག་གི་ཟབ་ཆོས་ཐེག་ཆེན་མདོ་སྔགས་གཉིས་ཀའི་ཐུན་མིན་གྱི་ལམ་རིམ་ཡིན་པས་ཐུན་མིན་ནང་གི་སྔོན་འགྲོ་ཞེས་བརྗོད། དེ་ལྟར་སྐས་རིམ་དང་པོ་ཉན་ཐོས་ཀྱི་ཐེག་པ་ནས་ཐེག་ཆེན་མདོ་སྔགས་ཀྱི་ཉམས་ཁྲིད་གནད་ཀུན་འདིར་རྫོགས་པ་ཆེན་པོའི་སྔོན་འགྲོའི་ཉམས་ལེན་དུ་འདུས་པ་ཡིན་ཞིང་། ཐུན་མོང་ཕྱི་ཡི་སྔོན་འགྲོ་ལ་བློ་སྦྱོངས་པ་དང་ཐུན་མིན་ནང་གི་སྔོན་འགྲོའི་འབུམ་ལྔའི་བསགས་སྦྱང་ཚད་དང་གྲངས་རྫོགས་པའི་ཚེ་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་ལས་བསྟན་པའི་རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་འབྱེད་པ་ནས་སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་གཅོད་དེ་རྫོགས་ཆེན་དངོས་གཞིའི་ཉམས་ལེན་ཁྲེགས་ཆོད་ཐོད་བརྒལ་ལ་འཇུག་ན་ལམ་གྱི་ཆ་ལག་ཡོངས་སུ་རྫོགས་པ་ཡིན། ད་ལམ་ཀུན་བཟང་བླ་མའི་ཞལ་ལུང་འདི་ཉིད་ངོས་ཀྱི་སློབ་མ་འབུམ་རམས་པ་ཨཱོ་གཱ་ཝ་ཤཱིན་པཱེའེ་མཆོག་ནས་ཉི་ཧོང་གི་སྐད་དུ་བསྒྱུར་མཛད་པ་སྟེ། ཡིད་དུ་འོང་བའི་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་སྔོན་ཐོན་ཅན་འདི་ན་གནའ་བོའི་དུས་ནས་ནང་བསྟན་ཐེག་པ་ཆེན་པོ་དང་གསང་སྔགས་བྱ་སྤྱོད་ཀྱི་ཆོས་དར་མྱོང་ཞིང་དེང་གི་དུས་སུ་ཡང་ནང་བའི་དགོན་གནས་མང་པོ་མཇལ་དུ་བཞུགས་པ་ནི་ཆེས་ཉམས་དགའ་བ་ཞིག་ཏུ་སྣང་། གླིང་ཕྲན་འདིའི་སྐྱེ་བོ་དག་ནི་སྤྱང་གྲུང་ལྡན་ཞིང་ལས་ལ་བརྩོན་པ་གུས་ཞབས་ལྡན་ལ་བྱམས་བརྩེའི་ཕྱུག་པ་སོགས་དུས་རབས་གསར་པའི་འཛམ་གླིང་ལ་དཔེ་སྟོན་འོས་པའི་བཟང་སྤྱོད་ཀྱིས་ཐམས་ཅད་ཡིད་འཕྲོག་པར་བྱེད། 

WechatIMG257.jpegད་དུང་ཡང་ཡར་རྒྱས་དང་བཟང་པོ་ལ་མཐའ་མེད་པ་ཡིན་ཕྱིར་ནང་བསམ་པའི་དཔལ་ཡོན་གྱི་ཤེས་ཚད་མཐོ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་འཛམ་གླིང་ནང་བསྟན་ཆོས་བརྒྱུད་ཁག་ལས་མདོ་སྔགས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་རིག་གཞུང་ཆ་ཚང་ཤོས་དང་ཉམས་ལེན་མ་ཉམས་པར་བཞུགས་པའི་ཆོས་བརྒྱུད་ཁྱད་པར་བ་ཞིག་ཡིན་པས། བོད་ཀྱི་ཡི་གེའི་ཐོག་ཏུ་བཞུགས་པའི་ནང་བསྟན་བཀའ་དང་བསྟན་བཅོས་མན་ངག་རྣམས་འཛམ་གླིང་གི་སྐད་ཡིག་འདྲ་མིན་ལ་བསྒྱུར་ཏེ་མིའི་རིགས་ཡོངས་ཀྱིས་ལོངས་སུ་སྤྱོད་ཆོག་པའི་སྤྱི་ནོར་དུ་འགྱུར་ཐུབ་ན་བསྔགས་བརྗོད་འོས་པའི་མཛད་བཟང་ཞིག་ཡིན་པ་སྨོས་ཅི་དགོས། དམིགས་བསལ་སྐུ་ཞབས་ཨཱོ་གཱ་ཝ་ཤཱིན་པཱེའེ་ཡིས་ལོ་གྲངས་བསྟུད་མར་ལས་དཀའི་དུས་བར་སྤྱད་དེ་ཀུན་བཟང་བླ་མའི་ཞལ་ལུང་འདི་ཉིད་ཡང་དུ་ཉི་ཧོང་གི་སྐད་དུ་བསྒྱུར་བར་ངོས་ནས་བསྐུལ་དོན་ལྟར་ཐོག་མར་སེམས་བསྐྱེད་ཅིང་ལས་ཀར་དངོས་སུ་ཞུགས་པ་ནས། ད་ལམ་མཇུག་གྲུབ་པའི་སྐབས་སུ་ངོས་ནས་དགའ་བ་ཆེན་པོས་རྗེས་སུ་ཡི་རངས་ཀྱིས་བསྔགས་བརྗོད་དང་བསྔོ་བ་བྱེད་པ་མ་ཟད། མ་འོངས་པར་སྐད་ཡིག་འདིའི་ཐོག་ནས་འགྲོ་བ་མི་ཉུང་བ་ཞིག་གིས་ཀུན་བཟང་བླ་མའི་ཞལ་ལུང་མཇལ་ཐུབ་པ་ལ་རྟེན་ནས། ངེས་འབྱུང་དང་བྱམས་པ་སྙིང་རྗེ་སོགས་སེམས་ཀྱི་ཤེས་ཚད་གོང་མཐོར་ཕྱིན་ཏེ་ང་རྒྱལ་དང་ཁོང་ཁྲོ་སོགས་ཡིད་མི་བདེ་བའི་ཉོན་མོངས་པའི་རྟོག་ཚོགས་ཞི་བ་དང་དགེ་སྡིག་ལ་བླང་དོར་བྱེད་ཅིང་། ཉམས་ལེན་དངོས་ལ་ཞུགས་པ་དག་གིས་ཐར་དང་ཐམས་ཅད་མཁྱེན་པའི་ལམ་བཟང་རྙེད་དེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་བྱེད་ནུས་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པའོ། ། །བོད་བརྒྱུད་ནང་བསྟན་རྫོགས་པ་ཆེན་པོའི་ཟབ་ཆོས་སྤྱི་དང་ཀློང་ཆེན་སྙིང་ཐིག་གི་ཆོས་བརྒྱུད་འཛིན་པའི་བོད་ཤར་ཕྱོགས་ཀྱི་དགོན་གནས་གྲགས་ཆེན། དཔལ་སྤྲུལ་རིན་པོ་ཆེས་ཡུན་རིང་ཐོས་བསམ་སྒོམ་གསུམ་མཛད་ཅིང་ཀུན་བཟང་བླ་མའི་ཞལ་ལུང་འདི་ཉིད་བརྩམས་པའི་གནས། གྲུབ་དབང་རྫོགས་ཆེན་པའི་གདན་སའི་བླ་མ་བརྒྱུད་པའི་རིམ་པ་བར་མ་ཆད་པ་ལས་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་གི་ཟབ་ཁྲིད་ཡོངས་སུ་རྫོགས་པ་ཐོབ་པའི་སྐལ་བ་དང་ལྡན་པ། བསྟན་འཛིན་ལུང་རྟོགས་ཉི་མས་བོད་རབ་རྒྱན་ལྕགས་བྱིའི་ལོ་གསར་སྐབས་ཆེད་དུ་བརྗོད་པ་དགེ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།