སྨྲས་པ། འདྲེན་པ་སྟོང་རྩའི་དབུས་ན་པད་དཀར་ལྟར། །བསྔགས་པ་དོན་ལྡན་མཚན་གྱི་རྔ་སྒྲའི་དབྱངས། །མ་ལུས་རྒྱལ་བའི་ཞིང་ཁམས་ཀུན་འགེངས་པ། །སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་རྒྱལ། །ལེགས་བྱས་བསོད་ནམས་བྱེ་བ་ལས་འཁྲུངས་པའི། །ཀུན་ནས་མཛེས་པ་ཉེར་ཆགས་མཛོད་སྤུའི་འོད། །བྱང་ཕྱོགས་གདོང་དམར་བོད་ཀྱི་ཡུལ་གྲུ་རུ། །སྤྲོ་བའི་ཆོ་འཕྲུལ་སྐུ་ཡིས་བྱིན་གྱིས་བརླབས། །སྒྲིབ་བྲལ་སྟོབས་བཅུའི་གཟིགས་པ་མངའ་བ་ཡི། །མཐའ་དག་ཤེས་བྱ་མཁྱེན་པའི་ཡེ་ཤེས་ཀྱིས། །རྒྱལ་བསྟན་ཉི་མ་བྷོཊའི་ལྗོངས་ཆེན་པོར། །འབྱོན་པར་འགྱུར་ཞེས་གསུང་གིས་རྗེས་སུ་བསྟན། །གྲངས་མེད་བསྐལ་པའི་སྔོན་ནས་སྨོན་པའི་སྟོབས། །བརྩེ་བའི་ཐུགས་བསྐྱེད་མ་ཉམས་མནྡཱ་ར། །ལྔ་བདོའི་འགྲོ་བ་སྤྱི་དང་ཁ་བ་རིར། །རྗེས་ཆགས་ཐུགས་རྗེའི་འདབ་མ་ཕྱོགས་སུ་འཛུམ། །འོད་གསལ་གནམ་གྱི་དམུ་ཐག་ལས་བབ་པའི། །གཙང་མའི་ལྷ་རིགས་གདུང་རབས་ཉེར་བརྒྱད་པ། །སྙན་བཙན་འཕྲུལ་གྱི་རྒྱལ་པོའི་ལས་སྨོན་སྟོབས། །དུས་སུ་སྨིན་པས་བསྟན་པའི་དབུ་ཆེན་བརྙེས། །གྲུ་འཛིན་མགོན་པོའི་ཐུགས་བསྐྱེད་ཟླ་བ་དཀར། །རྨད་བྱུང་ཐབས་མཁས་རི་མོ་མ་ཉམས་བཞིན། །འཇིགས་བྲལ་མི་དབང་སྲོང་བཙན་སྒམ་པོའི་ཚུལ། །ཆས་ཚེ་ལྗོངས་འདིར་དགེ་བཅུའི་ཨུཏྤལ་བཞད། །འཇམ་པའི་རྡོ་རྗེ་མི་རྗེའི་སྐུར་སྣང་བ། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི། །ལེགས་བྱས་དོན་ཡོད་འཕྲུལ་གྱི་ཞགས་པ་ཡིས། །སྡེ་བཞིའི་མངའ་ཐང་གངས་རིའི་རྒྱན་ཆར་དྲངས། །སིནྡྷུའི་དྭངས་མཚོར་འདབ་སྟོང་པདྨའི་རྩེར། །ངོ་མཚར་མཚན་རྫོགས་སྤྲུལ་བའི་སྐུར་སྨིན་པ། །གྲུབ་བརྒྱའི་སྤྱི་མེས་མཚོ་སྐྱེས་རྒྱལ་བ་རྗེ། །རྒྱལ་བསྟན་ལྗོངས་འདིར་སྤེལ་ལ་བཀའ་དྲིན་ལྕི། །ཕུལ་བྱུང་སྔོན་སྨོན་དམ་བཅའི་སྐྱ་རེངས་ཀྱིས། །བསྟན་པའི་སྙིང་པོ་ཆོས་འདུལ་ཉི་མ་གཞོན། །བསིལ་ལྡན་མུན་པའི་གླིང་འདིར་འདྲེན་པ་ལ། །ཐུགས་བསྐྱེད་རྨད་བྱུང་མཁན་ཆེན་ཞི་བ་འཚོ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་ཡེ་ཤེས་གར། །གངས་ཅན་འགྲོ་བ་སྐྱོབས་པའི་སྤྱི་དཔལ་མཆོག །མཁན་སློབ་ཆོས་རྒྱལ་སྤྲུལ་བའི་ལོ་པཎ་གྱི། །ཆོས་སྲིད་མཛད་རྗེས་དཔོག་པའི་མཐའ་མ་དམིགས། །ཨེ་མ་ཁོར་ཡུག་རབ་དཀར་གངས་ཀྱི་རི། །མུ་ཁྱུད་ཕྲེང་བས་བསྐོར་བའི་བྷོ་ཊའི་ལྗོངས། །དགེ་བཅུའི་འབྱོར་བ་རྒྱས་པའི་ཆོས་ལྡན་ཞིང༌། །སྡེ་བཞིའི་མངའ་ཐང་དར་བས་མངོན་པར་འཕགས། །ཞེས་བྱ་བ་ནི་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་དབུ་བརྙེས་ནས་དར་ཞིང་རྒྱས་པ་སྟེ་བསྟན་པ་སྔ་དར་གྱི་བྱུང་བ་བརྗོད་པའི་སྐབས་ཀྱི་ཡིད་སྤྲོ་བའི་ཚིགས་སུ་བཅད་པའོ། །
སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ཡོངས་རྫོགས་བསྟན་པའི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་བྱོན་ནས་སྔ་དར་བསྟན་པའི་དབུ་བརྙེས་ཚུལ་སྤྱིར་བཤད་པའི་སྐབས་ཏེ་སརྒ་བཞི་པ་ལས་བཤུས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།