༄༅།།རྒྱ་གཞུང་ཆེན་མོ་བཅུ་གསུམ་ལས་འཕྲོས་པའི་གཏམ།

1516596049901574.jpg

དཔལ་གསང་ཆེན་སྔ་འགྱུར་པའི་གཞུང་བཤད་ཀྱི་བསྟན་པའི་ཤིང་རྟ་ཆེན་མོ། གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་མཁན་རབས་བཅུ་དགུ་པ། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་ཞལ་སྔ་ནས་མཆན་འགྲེལ་གྱིས་ཚུལ་དུ་བཀྲལ་པའི་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ནི། བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཀྱི་ཁྲོད་ན་ཆེས་དམིགས་བསལ་བ་ཞིག་སྟེ། མཁྱེན་གསལ་བཞིན་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གངས་རིའི་ལྗོངས་སུ་སྟོང་ལོ་གཅིག་ཕྱེད་ཙམ་ཟིན་པའི་ལོ་ཟླའི་ནང་། ཐོག་མར་ལོ་པཎ་རྣམས་ཀྱིས་བཀའ་དང་བསྟན་བཅོས་བསྒྱུར་ཞུས་གཙོ་བོར་མཛད་ཅིང་དེ་དག་ལ་འཆད་ཉན་ མཛད་པའི་དུས་རབས་ཏེ་བསྟན་པ་སྔ་དར་གྱི་སྐབས་དང་། དེ་ནས་བསྟན་པ་ཕྱི་དར་གྱི་སྒྲུབ་བརྒྱུད་རིང་ལུགས་སོ་སོ་བྱུང་བ་ནས་མཁས་གྲུབ་ཀྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བརྒྱུད་མར་བྱོན་ཏེ་རང་རང་གི་གྲུབ་མཐའི་བཞེད་ཕྱོགས་རྩལ་འདོན་གྱིས་དགོངས་འགྲེལ་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་བརྩམས་ཤིང་། འཆད་རྩོད་ཀྱིས་ཞིབ་པར་གཏན་ལ་ཕབ་སྟེ་དར་རྒྱས་ཀྱི་རྩེ་མོར་ཕྱིན་པ་འདི་འདྲ་འཛམ་གླིང་ནང་བསྟན་ལོ་རྒྱུས་སུ་བྱུང་བ་མེད་ཅེས་ཆེད་མཁས་ཞིབ་འཇུག་པ་རྣམས་མགྲིན་གཅིག་ཏུ་གླེང་། དེ་ལྟ་ནའང་ཕྱི་དུས་ཀྱི་ལོ་ངོ་བརྒྱ་ཕྲག་འགའི་རིང་ཆོས་བརྒྱུད་རང་རང་གི་ཡིག་ཆ་ཁོ་ན་ལ་རྩལ་འདོན་གཙིགས་སུ་བཟུང་སྟེ་རང་སྡེ་མཁས་པའི་དགྲ་ལྷ་དཔང་བསྟོད་ཀྱིས་ཐུགས་ཚིམ་པར་མཛད་ཅིང་། རྒྱ་གར་མཁས་པའི་ལེགས་བཤད་རྣམས་དགོས་གལ་བྱུང་ཚེ་ལུང་དུ་འདྲེན་པ་ཙམ་ལས་འཆད་ཉན་མཐར་ཆགས་དང་སློབ་གཞིའི་ཡིག་ཆ་མཛད་པའི་ཆོས་སྡེ་གཅིག་ཀྱང་མེད་པའི་ངང་ཚུལ་དུ་གྱུར། 

WechatIMG414.jpeg

དེ་འདྲའི་ལོ་རྒྱུས་དང་གནས་སྟངས་ལ་ཕྱིར་དྲན་དང་བསམ་གཞིག་བྱས་ཚེ་མཁན་ཆེན་གཞན་དགའ་ནི་བོད་ཀྱི་མཁས་པ་སྐར་ཚོགས་ཀྱི་གྲངས་ལྟར་མང་བའི་དབུས་སུ་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་ནུས་པའི་ཤིང་རྟའི་སྲོལ་འབྱེད་དམ་གསར་གཏོད་པ་ཞིག་དང་། ཁོང་གིས་མཛད་པའི་རྒྱ་གཞུང་ཆེན་མོ་བཅུ་གསུམ་ཆ་ལག་དང་བཅས་པའི་བསྟན་བཅོས་ནི་གངས་ཅན་གྱི་ལྗོངས་སུ་རྒྱ་གར་མཁས་པའི་ལེགས་བཤད་གཟིམ་མལ་ལས་ཡང་དུ་སྐུ་བཞེངས་པ་ཞིག་དང་། རྒྱ་གཞུང་དྲི་མ་མེད་པར་འཆད་ཉན་གྱི་སྲོལ་ཕྱེས་པ་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཙང་མ་བསྟན་པ་སྔ་དར་གྱི་རྗེས་སུ་བོད་མདོ་ཁམས་ཀྱི་ཕྱོགས་ནས་སླར་གསོ་གཞིར་བཞེངས་སུ་བསླངས་པ་ཞིག་ཅིས་མ་ཡིན། དེས་ན་དམ་པ་ཉིད་ཀྱི་ཞལ་སྔ་ནས། བསིལ་ལྡན་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སྐྱེས་ཀྱང་། །རྒྱ་གར་མཁས་པའི་ལེགས་བཤད་འཁྲུལ་མེད་དུ་བཟུང་ནས། །དམ་ཆོས་མཛོད་ཀྱི་སྒོ་འཕར་ཡངས་པོ་རུ་ཕྱེས་ཏེ། །རེ་ལྟོས་ཅན་གྱི་སྐལ་བཟང་གདུལ་བྱ་ལ་བྱིན་ཡོད། །ཅེས་དང་། ངས་ཆོས་ཕུག་རྒྱ་གར་མཁས་པར་གཏུགས། །ལམ་འཁྲུལ་བ་འགྱུར་གྱི་དོགས་པ་མེད། ཅེས་སོགས་ཐུགས་སྤོབས་རྒྱས་པའི་གསུང་བྱོན།  གནའ་བོའི་དུས་སུ་རྗེ་ཉིད་ཀྱི་གདན་ས་གཙོ་བོ་ཁམས་ཁུལ་གྱི་ཆེས་ཐོག་མའི་བཤད་གྲྭ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་དང་། རྫོང་སར་ཁམས་བྱེའི་བཤད་གྲྭ། དཔལ་སྤུངས་བཤད་གྲྭ། དབོན་སྟོད་བཤད་གྲྭ། རྒ་སྐྱེ་དགུའི་བཤད་གྲྭ། འབྲི་གུང་ཉི་མ་ལྕང་ར། རྫ་སྟོད་ལྕང་མ་དང་དགེ་མང་སོགས་རྩ་བ་དང་ཡན་ལག་གི་ཆོས་སྡེ་མང་པོའི་སློབ་གཞིའི་ཡིག་ཆ་ཡིན་པ་དང་། རྒྱ་གཞུང་ཆེན་མོ་འདི་དག་ལ་འཆད་ཉན་དར་རྒྱས་ཆེ་བའི་བྱིན་མཐུས་འཆད་རྩོད་རྩོམ་གསུམ་ལ་རང་དབང་འབྱོར་བའི་མཁས་པའི་ཚང་ཆེན་པོ་བརྡོལ་བྱུང་། ཉེ་རབས་དུས་ཀྱི་རྒུད་པའི་མུན་ཁྲོད་དུ་གངས་རིའི་ཆོས་རིག་སྤྱི་དང་དཔལ་ནཱ་ལེནྡྲའི་རིག་ལུགས་གཙང་མ་རྒྱ་གཞུང་ཆེན་མོ་བཅུ་གསུམ་གྱི་འཆད་ཉན་གྱི་སྲོལ་ཉམས་པ་ནས་ནུབ་པར་ཕྱོགས་བཞིན་པའི་སྣང་ཚུལ་ཅི་རིགས་མངོན་ཕྱིར། སླད་ཕྱིན་འདི་ཉིད་དར་རྒྱས་ཡུན་གནས་རྒྱུན་འཛིན་བྱུང་ན་བླ་མ་གཅིག་གི་མཛད་རྒྱུན་དང་ཆོས་བརྒྱུད་དགོན་སྡེ་བྱེ་བྲག་པ་ཞིག་གི་ཕྱག་བཞེས་ལས་འདས་ཏེ།  དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཙང་མ་འཛིན་པར་ཁས་ཆེ་བ་ཁ་བ་རི་བའི་བོད་བརྒྱུད་ནང་བསྟན་པ་སྤྱི་དང་། མཁན་ཆེན་གཞན་ཕན་སྣང་བ་ཡབ་སྲས་སློབ་བརྒྱུད་དང་བཅས་པའི་ཐུགས་བསྐྱེད་ཕྲིན་ལས་བྱུང་བའི་རིས་མེད་ཆོས་གྲྭ་ཁག་གི་བླ་ན་མེད་པའི་གཟི་བྱིན་ཏུ་མཐོང་ཕྱིར།  མཁྱེན་སྤྱན་ཡངས་པའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཡོངས་ནས་རྒྱ་གཞུང་ཆེན་མོའི་འཆད་ཉན་རྒྱུད་འཛིན་དར་རྒྱས་སུ་སྤེལ་བར་འོས་པའི་ཞུ་བསྐུལ་དང་བཅས། རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོར་དམ་པའི་གདན་ས་མཁས་པའི་འབྱུང་གནས་དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོ་ག་ལ་བར། རྒྱ་གཞུང་ཆེན་མོ་བཅུ་གསུམ་ཆ་ལག་དང་བཅས་པ་ཐེངས་གཉིས་པར་དཔེ་སྐྲུན་བགྱིད་སྐབས་བསྟན་འཛིན་ལུང་རྟོགས་ཉི་མས་སྦྱར་བ་དགེ ། 

WechatIMG414.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།