སྤྱོད་འཇུག་ཆེན་མོའི་གསར་འགྲེལ་བྱང་ཆུབ་ལམ་གྱི་གསལ་སྒྲོན་ལས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཁོལ་ཕྱུང་།

 WechatIMG531.jpeg

སྤྱོད་འཇུག་གི་གཞུང་འདིར་བློ་ལྡོག་རྣམ་པ་བཞི་ལས་དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་བཤད་པ་ཕན་ཡོན་ལེའུ་སོགས་གོང་དུ་སོང་ནས་གསུམ་པ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གསུང་པ་སྐབས་འདིར་ཡིན་པས་ཅུང་ཟད་གོ་བདེ་བར་བཤད་པ་ལ། སྤྱིར་ནང་བ་སངས་རྒྱས་པའི་ལྟ་གྲུབ་དང་ཆོས་ཀྱི་ཉམས་ལེན་མཐའ་དག་རྒྱུ་འབྲས་དང་ལས་འབྲས་བསླུ་མེད་དུ་ཁས་ལེན་པའི་རྨང་གཞི་ཅན་ཡིན་ཕྱིར་། ཅི་སྟེ་རྒྱུ་འབྲས་དང་ལས་འབྲས་ལ་རྒྱུ་མཚན་ཡང་དག་པའི་གོ་བ་གཏིང་ཚུགས་པ་ཞིག་མ་ལོན་ཕྱིན་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་བྱེད་ཚུལ་ལ་ཤེས་རབ་ཀྱིས་དྲངས་པའི་དད་པ་རྣམ་དག་སྐྱེ་དཀའ་ཞིང་། རྒྱུ་མཚན་ཡང་དག་མ་ཤེས་ཚེ་ཆོས་ཀྱི་ཆོ་ག་དང་ཉམས་ལེན་བྱེད་པ་མཐའ་དག་ཡུལ་སྲོལ་གོམས་བཤིས་དང་རང་གི་དགའ་ཕྱོགས་ཀྱི་ལས་ཀ་ལྟ་བུར་མཐོང་བའམ་དེ་ལྟར་དུ་འགྱུར་བའི་ཉེན་ཆེ། རྒྱུ་འབྲས་རྟེན་འབྲེལ་གྱི་རིགས་པའི་ལྟ་གྲུབ་དང་ལས་འབྲས་བསླུ་མེད་ལ་དཔྱད་ཞིབ་དང་ངེས་ཤེས་སྐྱེས་ན་ཆེ་ས་ནས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ནས་སྲིད་པ་གསུམ་གྱི་སྣོད་བཅུད་འགྲོ་བ་རིགས་དྲུག་དང་། ཆུང་ས་ནས་འཇིག་རྟེན་འདིའི་སྐྱེ་དངོས་མཐའ་དག་ནས་འཛམ་གླིང་ཡོངས་དང་གང་ཟག་གཅིག་གི་སྐྱེ་བ་སྔ་ཕྱིའི་འབྲེལ་དང་མི་ཚེ་གཅིག་གི་བདེ་སྡུག་གི་མྱོང་ཚོར་ལ་ངོས་འཛིན་གསར་པ་དང་། འཕྲལ་ཡུན་ཁེ་ཕན་འཚོལ་བའི་རིན་ཐང་གི་ལྟ་བ་གསར་པ་འབྱུང་བས་ཚེ་སྲོག་ལ་རེ་བ་གསར་བ་དང་མི་ཚེ་ལ་ཁ་ཕྱོགས་གསར་བའི་ལམ་སྣེ་ཞིག་རྙེད་ངེས། དེས་ན་ཐོག་མར་ནང་པའི་གཞུང་གི་ལས་རྒྱུ་འབྲས་ཀྱི་ལྟ་བ་ནི་སྐྱེ་དངོས་ཡོད་དོ་ཅོག་གི་སེམས་ཅན་ནས་སངས་རྒྱས་སོགས་འཁོར་འདས་ཀྱི་དངོས་པོ་ཕྲ་རག་ཀུན་རྒྱུ་རྐྱེན་ལ་རྟེན་ནས་འབྱུང་བ་ལས་རྒྱུ་མེད་གང་བྱུང་དུ་འབྱུང་བ་གཅིག་ཀྱང་ཡོད་པར་མི་འདོད་ཅིང་། དེས་ན་སངས་རྒྱས་ཀྱི་མདོ་ལས། ལས་མ་བྱས་པ་དང་མི་ཕྲད་པ་དང་ལས་བྱས་པ་ཆུད་མི་ཟ་བ། ཞེས་གསུངས། སྐྱེ་བྱེད་རྒྱུ་རྐྱེན་དེ་ཡང་འཇིག་རྟེན་བྱེད་པོ་ལྷ་དང་སངས་རྒྱས་སོགས་མིན་པ་འོག་ཏུ་ཤེས་རབ་ལེའུ་སྐབས་སུ་གཙོ་བོ་དང་བདག་ཤེས་རིག་གི་སྐྱེ་བུ་འགོག་པའི་སྐབས་སུ་རྒྱས་པ་བསྟན་པར་འགྱུར་ལ། དེས་ན་ནང་པ་སངས་རྒྱས་པའི་སྐྱེ་དངོས་རིག་པའི་ལྟ་གྲུབ་ནི་དངོས་པོ་རང་རང་གྲུབ་བྱེད་ཀྱི་རྒྱུ་རྐྱེན་ལས་སྐྱེས་པས་རྟེན་འབྲེལ་གྱི་རིག་པ་ཡིན་ལ། དེའང་རྒྱུ་རྟག་པ་དང་གཅིག་ཁོ་ནས་མིན་པ་རྒྱུ་རྐྱེན་སྣ་ཚོགས་པ་མང་པོ་འཛོམས་པ་ལས་སྐྱེས་པས་འཇིག་རྟེན་འདིར་ངོ་མཚར་བའི་འབྲས་བུའི་རྣམ་པ་གྲངས་མང་ལ་བྱེད་ནུས་སྣ་ཚོགས་པའི་སྐྱེ་དངོས་འདི་དག་བྱུང་བ་ཡིན་ལ། དེ་དག་ཕན་ཚུན་རིགས་འདྲ་ཙམ་ལས་ཆ་ཐམས་ཅད་ནས་གཅིག་འདྲ་གཅིག་མཚུངས་ཀྱི་སྐྱེ་དངོས་ཤིག་འཇིག་རྟེན་འདིར་ནམ་དུའང་ཡོད་པར་མི་འདོད་ཅིང་། དེ་འདྲའི་ཞིབ་ཅིང་ཕྲ་བའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་བཞག་མཐའ་ཡས་ཤིང་རྒྱ་ཆེ་ལ་ངོ་མཚར་བའི་གསང་བ་ཇི་བཞིན་རྟོགས་པ་ནི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་དཔྱོད་ཡུལ་ཏེ། གནས་བརྟན་སྒྲ་གཅན་འཛིན་གྱིས། རྨ་བྱའི་མདངས་བཀྲ་གཅིག་ལའང་། རྒྱུ་ཡི་ཐ་དད་དབྱེ་བ་ཐ་དད་པ། དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། ཀུན་མཁྱེན་ཡེ་ཤེས་མིན་པས་མིན། ཞེས་པ་སྟེ་དཔེར་ན་རྨ་བྱའི་སྒྲོ་མདངས་ཀྱི་ཚོན་མདོག་རི་མོ་བཀྲ་བ་ལྟ་བུ་སྤྱི་རིགས་ནས་རྨ་བྱའི་སྒྲོ་ཡིན་པ་དང་རྨ་བྱ་གཅིག་གི་ལུས་ལས་བྱུང་བ་སོགས་རྒྱུ་རྐྱེན་རྟེན་འབྲེལ་འདྲ་ནའང་། ཞིབ་པར་དཔྱད་ན་སྒྲོའི་ཉག་མ་གཅིག་གི་རྒྱུ་རྐྱེན་ཡང་མི་འདྲ་བས་ཚོན་མདངས་འདྲ་མིན་བྱུང་ཞིང་། སྤུ་ཉག་གཅིག་གི་སྟོད་སྨད་ལ་ཚོན་མདོག་མི་འདྲ་བ་འབྱུང་བ་རྒྱུ་རྐྱེན་མི་འདྲ་བའི་དབང་གིས་ཡིན་ལ། དེ་བཞིན་དུས་རབས་གཅིག་ཏུ་ཡུལ་ཁམས་གཅིག་ཅིང་ཁྱིམ་ཚང་གཅིག་ཏུ་ཕ་མ་གཅིག་པའི་བུ་རྒྱུད་མཚེ་མ་རུ་མཉམ་དུ་སྐྱེས་ཀྱང་། སྤྱི་རིགས་ནས་མི་ཡིན་པ་དང་རིགས་རྒྱུད་གཅིག་པ་བྱད་གཟུགས་མཚུངས་པ་སོགས་འདྲ་བའི་རྒྱུ་འབྲས་མང་ན་ཡང་། ཞིབ་པར་ཕྱེ་ན་ཚེ་ཐག་རིང་ཐུང་ནས་ལུས་སེམས་ཀྱི་ཁམས་དང་བདེ་སྡུག་གི་མྱོང་ཚོར་ད་དུང་ཚེ་སྔ་ཕྱིའི་ལས་འབྲས་རྣམ་སྨིན་སོགས་གནས་སྟངས་མི་འདྲ་བ་ཆེས་མང་པོ་ཞིག་ཡོད་པ་ནི་རྒྱུ་རྐྱེན་རྟེན་འབྲེལ་མི་འདྲ་བ་ལས་བྱུང་བ་སྟེ། དེ་འདྲའི་རྒྱུ་རྐྱེན་མི་འདྲ་བ་མང་པོ་ཞིག་ཡོད་པ་ལས་ཆ་ཤས་ཉུང་ངུ་ཞིག་མིག་མཐོང་ལག་ཟིན་ཡིན་པས་མིག་སོགས་དབང་པོའི་ཤེས་པའི་ཡུལ་དུ་འགྱུར་ཕྱིར། སྐྱེ་བོ་དག་གིས་གདོད་མའི་སྤྱི་ཚོགས་ནས་ད་ལྟའི་བར་སོ་ནམ་ཞིང་ལས་ནས་བཟོ་ལས་ཚོང་ལས་དང་སློབ་གསོ་ཆབ་སྲིད་སོགས་རྒྱུ་རྐྱེན་གྱི་འབྲེལ་སྒྲིག་ནས་དགོས་པའི་འབྲས་བུ་ཞིག་ཐོབ་པའི་ཐབས་ལ་བརྩོན་བཞིན་ཡོད་ཅིང་། འདི་འདྲའི་རྒྱུ་འབྲས་རགས་པ་དང་དུས་ཡུན་ཐུང་ངུར་སྨིན་ཞིང་ཐོབ་ཐུབ་པ་དག་ལ་ཁས་མི་ལེན་པ་སུ་ཡང་མེད་ཅིང་ཐ་ན་དུད་འགྲོས་ཀྱང་བླང་དོར་བརྩོན་ལེན་གང་འཚམས་བྱེད་ཤེས་པ་ཡིན། དེ་ལས་ཞིབ་པའང་ཕྲ་མཐོང་ཆེ་ཤེལ་སོགས་དེང་རབས་ཚན་རིག་གི་ཡོ་ཆས་ལ་རྟེན་ནས་རྟོག་དཔྱོད་བྱེད་ཐུབ་ཅིང་། རྒྱུ་འབྲས་ལ་དཔྱོད་པ་སྔར་བས་ཞིབ་ཅིང་ཟབ་ཏུ་ཕྱིན་པས་དངོས་ཁམས་རྫས་འགྱུར་སོགས་ཚན་རིག་སྐྱེ་དངོས་མང་པོ་ཞིག་ཉེ་བའི་དུས་རབས་འདིར་གསར་སྐྲུན་བྱུང་བས་འཛམ་གླིང་ལ་རྫས་དངོས་ཀྱིས་འགྱུར་བ་ཆེན་པོ་ཞིག་སྐྲུན་ཡོད། འོན་ཀྱང་མཐོང་ཡུལ་མིག་འདུན་ན་མངོན་སུམ་དུ་ཡོད་པའི་སེམས་དང་དངོས་པོའི་བསྡུས་པའི་བྱ་དངོས་དེ་དག་གི་རྒྱུ་རྐྱེན་ཕྲ་བ་དང་གང་ལས་བྱུང་བ་ཕུགས་དེད་ཚེ་དུས་ཀྱི་ཆ་ནས་རྒྱང་རིང་བ་ཚེ་སྔ་ཕྱིའི་ལས་འབྲས་དང་། ངོ་བོའི་ཆ་ནས་ཆེས་ཕྲ་བ་སེམས་དང་ཚེ་སྲོག་གི་རྣམ་བཞག་དང་དེ་ཡི་རྒྱུ་རྐྱེན་སོགས་ནི་སྐྱེ་བ་འདི་ཙམ་མ་ཡིན་པར་སྐྱེ་བ་སྔ་མ་དང་སྔ་མའི་སྔ་མ་སོགས་རྒྱང་རིང་མཐའ་མེད་དུ་འབྲེལ་ནས་ཡོད་པས། དྲན་པ་ཉེར་བཞག་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལ། དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། དེ་བཞིན་གཤེགས་པ་མ་གཏོགས་པ། སེམས་དང་ལྡན་པས་ཤེས་པར་དཀའ། གཅིག་དང་བརྒྱ་དང་སྟོང་དང་ནི། ཁྲི་ཕྲག་དང་ནི་འབུམ་རྣམས་ཀྱིས། སྣ་ཚོགས་སུ་ནི་སྐྱེད་བྱེད་པ། ལས་ཀྱི་དྲྭ་བ་འདི་ཆེའོ། ཞེས་དང་། ཇི་ལྟར་སྐུད་པས་བཏགས་པ་ཡི། བྱ་དག་ཐག་རིང་གནས་པ་ཡང་། ཀུན་ཏུ་དྲངས་ནས་འཆིང་བྱེད་ལྟར། ལས་སྐུད་དེ་ཡང་འདི་དང་འདྲ། ཞེས་གསུངས་ཏེ། ལས་འབྲས་ནི་གནའ་དུས་ཉ་འཛིན་དྲྭ་རྒྱའི་སྐུད་པ་ལྟར་གཅིག་ནས་གཅིག་ཏུ་འབྲེལ་ཞིང་མཐའ་མེད་པ་མགོ་ཉོག་པའི་དཔེས་བསྟན་ཡོད་ལ། དེང་དུས་ཀྱི་གློག་ལམ་དྲ་བ་ལྟར་མཐོང་ཡུལ་དུ་མེད་ཀྱང་ཆུད་མི་ཟ་བར་དངོས་མེད་དུ་གནས་ཤིང་དོན་བྱེད་ཅིང་ཕན་ཚུན་མཐའ་མེད་དུ་འབྲེལ་ནས་ཡོད་པ་དང་། རྐྱེན་ལ་རྟེན་ཚེ་མཐོང་བའི་དངོས་པོ་རུ་གྱུར་ཏེ་ངོ་མཚར་བའི་འཆར་སྣང་སྣ་ཚོགས་པ་སྟོན་པ་སོགས་འདྲ་བའི་ཆ་མང་བའི་དཔེ་ཤིན་ཏུ་ལེགས་པ་ཞིག་ཏུ་སེམས། དེ་ཡང་ལས་དགེ་བ་ཕན་པ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང་ལས་མི་དགེ་བ་སྡིག་པ་གནོད་པ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དངོས་པོའི་རང་བྱུང་གི་ཆོས་ཉིད་ཡིན་པ་ལས་སངས་རྒྱས་ཀྱིས་བཀའ་ཁྲིམས་བཞག་པ་མ་ཡིན་ཞིང་། དེས་ན་ལས་འབྲས་དགེ་སྡིག་ལ་ཡིད་ཆེས་བླང་དོར་བརྩི་སྲུང་བྱེད་པ་ནི་རང་བྱུང་གི་ཆོས་ཉིད་ལྡོག་ཏུ་མེད་པ་ལ་ཡིད་ཆེས་དང་བརྩི་སྲུང་བྱས་པ་ལས་སངས་རྒྱས་དང་སྟོན་པ་གང་གིས་བཅད་པའི་བཀའ་ཁྲིམས་དང་དུ་ལེན་ནས་བརྩི་སྲུང་བྱེད་པ་ལྟ་བུ་མིན་མོད། འོན་ཀྱང་སངས་རྒྱས་ནི་དགེ་སྡིག་ལས་འབྲས་ཀྱི་རྣམ་བཞག་ཆེས་ཞིབ་པར་མཁྱེན་པ་པོ་དང་འཇིག་རྟེན་འདིར་བླར་དོར་ཐོག་མར་སྟོན་པ་པོ་ཡིན་པས་སངས་རྒྱས་ཀྱི་བཀའ་བཞིན་དགེ་སྒྲུབ་སྡིག་སྤོང་བྱེད་ཟེར་ནའང་མི་ཆོག་པ་མེད། ལས་འབྲས་ནི་རྒྱུ་རྐྱེན་མང་པོ་ཞིག་ལ་རྟེན་པ་དང་འགལ་རྐྱེན་གྱི་ཚོགས་སྣ་མང་ལ་ཡང་འབྲེལ་ནས་ཡོད་པས་དགེ་སྡིག་གི་ལས་ད་ལྟ་བྱས་མ་ཐག་ཏུ་འབྲས་བུ་བདེ་སྡུག་ད་ལྟ་ཉིད་དུ་སྨིན་པའི་ངེས་པ་མེད་ཀྱང་ནམ་དུའང་ཆུད་ཟ་བར་མི་འགྱུར་ལ། འགལ་རྐྱེན་སྟོབས་ལྡན་གྱིས་རྩ་མེད་དུ་འཇོམས་ནུས་ཤིང་དགེ་སྡིག་གང་ཡིན་ཡང་རྐྱེན་གཞན་གྱིས་དུས་གཞན་དུ་སྨིན་པ་དང་རྣམ་སྨིན་ཆུང་ངུར་སྨིན་པ་སོགས་བསྒྱུར་བཅོས་ཡང་རུང་བ་ཡིན། གང་ཟག་གཞན་གྱིས་བྱས་པའི་ལས་གཉེན་ཉེ་ཡིན་ཡང་ཤེས་རྒྱུད་ཐ་དད་པའི་གང་ཟག་གཞན་ལ་མི་སྨིན་པ་དང་། བདག་པོ་རང་ཉིད་ཡིན་ཡང་དངོས་པོའི་ཡོ་བྱད་ཅ་དངོས་ས་རྡོ་སོགས་ལ་སྨིན་པ་ནམ་དུའང་མི་འགྱུར། དགེ་སྡིག་གང་ཡིན་ཡང་བསྐལ་བ་བརྒྱ་སྟོང་གི་དུས་རིང་ཅི་ཙམ་འདས་ཀྱང་སེམས་རྒྱུད་ཀུན་གཞིའི་ཁམས་སུ་བག་ཆགས་བཞག་པས་མེད་པ་དང་བོར་བ་འགྱུར་འགྲོ་བ་མིན་པ་དེས་ན། མདོ་སྡེ་ལས་བརྒྱ་བ་སོགས་སུ། ལས་ནི་ས་ལ་མི་སྨིན་རྡོ་ལ་མི་སྨིན་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ནོ། ཞེས་དང་། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟད། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་དང་། ཟླ་བ་སྒྲོན་མེར། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མིན། །ཞེས་གསུངས་ལ། འདུལ་བར། གང་དུ་སྡོད་ཀྱང་ལས་ཀྱི་མི་བརྫུ་བའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ནོ། །བར་སྣང་ཉིད་མིན་རྒྱ་མཚོའི་ནང་མིན་ཞིང་། །རི་བོའི་ཕུག་ཏུ་ཞུགས་ནའང་མ་ཡིན་ནོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས་ཀྱང་། བྲམ་ཟེ་རྣམས་ནི་དགེ་སྡིག་དག །སྦྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་པ་ཆུད་མི་ཟ། །མ་བྱས་པ་དང་འཕྲད་མེད་གསུངས། །ཞེས་སོགས་གསུངས་པ་ལྟར་དང་། དགེ་སྡིག་གི་རྒྱུ་ཆུང་ངུ་ཡིན་ཡང་རྐྱེན་གྱི་དབང་གིས་འབྲས་བུ་ཆེར་སྐྱེད་པ་སྟེ་ཤིང་ཨ་ཤྭ་ཏའི་ས་བོན་ཆུང་ངུ་ཡིས་ཡལ་འདབ་ཤིན་ཏུ་ཆེ་བའི་སྡོང་པོ་སྐྱེ་བ་ལྟ་བུ་སྟེ། མདོ་མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང་། དགེ་བ་ཆུང་དུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་ཤིང་། ལས་ཀྱི་འབྲས་བུ་རྣམ་སྨིན་ཡང་དགེ་བ་དང་སྡིག་པ་དགེ་སྡིག་འདྲེས་མའི་ལས་ཀྱི་དབང་གིས་འཕེན་རྫོགས་ཀྱི་ལས་འབྲས་རྣམ་སྨིན་མྱོང་ཚུལ་མུ་བཞི་རུ་ཡོད་པ་སྟེ། འཕེན་བྱེད་དགེ་བས་འཕང་ཞིང་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་བདེ་འགྲོ་མཐོ་རིས་སུ་སྐྱེས་ཤིང་ནད་མེད་ཚེ་རིང་བདེ་འབྱོར་དང་ལྡན་ཅིང་རྒྱུ་མ་ཟད་བར་དུ་བདེ་ཞིང་སྐྱིད་པ་ལྟ་བུ། འཕེན་བྱེད་མི་དགེ་བས་འཕང་ཞིང་རྫོགས་བྱེད་ཀྱང་མི་དགེ་བས་རྫོགས་པ་དམྱལ་བར་སྐྱེས་ཤིང་སྡུག་བསྔལ་དོས་དྲག་པོ་རྒྱུ་མ་ཟད་བར་མྱོང་བ་ལྟ་བུ། འཕེན་བྱེད་དགེ་བའི་ལས་ཀྱིས་མི་ཡུལ་དུ་འཕང་ནས་མཐོ་རིས་སུ་སྐྱེས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་ནད་དང་དབུལ་ཕོངས་སོགས་སྡུག་བསྔལ་མང་པོ་དང་ལྡན་པ། འཕེན་བྱེད་མི་དགེ་བས་དུད་འགྲོའི་སྐྱེ་གནས་སུ་འཕང་ཞིང་རྫོགས་བྱེད་དགེ་བས་རྫོགས་པ་མི་ཡུལ་གྱི་དུད་འགྲོ་ཕྱུགས་པོའི་ཁྱིམ་གྱི་ཁྱི་དང་ཞི་ལ་ལྟ་བུ་དང༌། གཞན་ཡང་འཕེན་བྱེད་མི་དགེ་བས་ཉི་ཚེ་བའི་དམྱལ་བར་སྐྱེས་ཤིང་རྫོགས་བྱེད་དགེ་སྡིག་གཉིས་ཀས་བྱེད་པ། གནས་པའི་གྲོང་གི་ཤན་པས་མཚན་མོ་སྲོག་མི་གཅོད་ཁས་བླངས་པས་མཚན་མོ་འདོད་ཡོན་ལ་ལོངས་སུ་སྤྱོད་ཅིང་ཉིན་མོ་སྡུག་བསྔལ་མྱོང་བ་བདེ་སྡུག་འགྱུར་བའི་རྣམ་སྨིན་མྱོང་བ་དགྲ་བཅོམ་པ་གྲོ་བཞིན་སྐྱེས་ཀྱིས་གཟིགས་པ་ལྟ་བུ། དེ་བཞིན་དུ་འཕེན་བྱེད་དགེ་བས་མིར་སྐྱེས་ཀྱང་རྫོགས་བྱེད་དགེ་སྡིག་གཉིས་ཀས་རྫོགས་པ་ཚེ་སྟོད་སྨད་སོགས་ཀྱི་བདེ་སྡུག་མྱོང་བ་མི་འདྲ་བ་ལྟ་བུ། གཞན་ཡང་ཐེག་པ་ཆེན་པོའི་ལུགས་སུ་ཀུན་སློང་སེམས་བསྐྱེད་དགེ་བས་ཟིན་ན་ལུས་ངག་གི་མི་དགེ་བ་བདུན་རྣམ་པ་སྲོག་གཅོད་སོགས་མི་དགེ་བ་ལྟར་སྣང་ཡང་དོན་ལ་དགེ་བ་ཡིན་པ་གོང་དུ་ཕན་ཡོན་གྱི་ལེའུའི་སྐབས་སུ་གསུངས་པ་ལྟར་ཏེ། མདོར་ན་ལས་དང་ལས་ཀྱི་འབྲས་བུ་ནི་རྒྱ་ཆེ་ཞིང་རྒྱང་རིང་ལ་ཟབ་ཅིང་ཕྲ་བས་དབང་པོ་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་ཕྱིར་བསམ་གྱིས་མི་ཁྱབ་ཅིང་། རྗེས་དཔག་གི་བློས་གཞལ་བའང་ཚད་མ་མ་གྱུར་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཁོ་ན་ཡིན་པས་དེའི་གསུངས་ལ་ཡིད་ཆེས་པར་བྱས་ཏེ། མདོ་སྡེ་ལས་བརྒྱ་བ་དང་འཛངས་བླུན། དྲན་པ་ཉེར་བཞག་དང་ཕལ་པོ་ཆེ་སོགས་ལ་གཟིགས་ནས་ངེས་ཤེས་རྙེད་པས་དམ་པའི་ཆོས་ལ་མོས་པས་བསྐུལ་ཏེ་དགེ་སྡིག་བླང་དོར་ལ་བརྩོན་པར་བྱའོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།