རྒྱ་གར་སྐད་དུ། བྱ་ན་པུ་ཛ་ན་ཏུ་བྷི་དྷུ་བོ་ཤཱ་ནཱ་མ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པར་འཇམ་པའི་ངང་། །འཇམ་དང་དཔལ་གྱི་གྲགས་པའི་ཐུགས་རྗེའི་མགོན། །འཇམ་དཔལ་ཀུན་གྱི་མགོན་ལ་ཕྱག་འཚལ་ཏེ། །བློ་དམན་སྐྱེ་བོ་མུན་ནག་ལྟ་བུ་ལ། །སྙན་ངག་སྒྲོན་མེ་ལྟ་བུས་གསལ་བྱའི་ཕྱིར། །བདག་ལྟ་དམན་ལ་སྙན་ངག་སྒྲོན་མེད་ཀྱང་། །བླུན་པོ་གསོ་ཕྱིར་ཆུ་ཐིགས་ཙམ་ཞིག་བརྗོད། །གཞན་གྱི་སྐྱོན་རྣམས་བརྗོད་མི་བྱ། །གཞན་གྱི་སྐྱོན་རྣམས་ཅི་བརྗོད་པ། །དེ་བཞིན་བདག་ལའང་ཡོད་པ་སྟེ། །དཔེར་ན་ཝ་དང་བུད་མེད་བཞིན། །བདག་ཉིད་ལ་ནི་བསྟོད་མི་བྱ། །བདག་ཉིད་ལ་ནི་གང་བསྟོད་པ། །དེ་ནི་བློ་ཆུང་ཤེས་རབ་ཞན། །དཔེར་ན་ཀ་ལནྡ་ཀ་འདྲ། །གྲོགས་ངན་བསྟེན་པར་མི་བྱ་སྟེ། །གྲོགས་པོ་ངན་པ་སུས་བསྟེན་པ། །ན་གུ་ཏ་ནི་བསྟེན་པ་ཡིས། །ཤིག་རྣམས་ཕུང་བར་གྱུར་ལ་ལྟོས། །ངན་པ་རྣམས་ལ་གྲོས་མི་གདབ། །ངན་པ་རྣམས་ལ་གྲོས་བཏབ་ན། །ལེགས་པར་སྨྲས་ཀྱང་ཉེས་པར་འགྲོ། །སྤྲེའུས་ཀ་ལནྡ་ཀ་ཡི། །ཚང་བཤིག་པ་ཡི་ཚུལ་ལ་ལྟོས། །སྤྱོད་པ་རྣམས་ལ་བག་ཡོད་བྱ། །བག་མེད་རྒྱུན་དུ་སྤང་བར་བྱ། །གླང་ཆེན་མྱོས་པ་ལྟ་བུ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཚིག་རྣམས་བརྗོད་འདོད་རྟག་ཏུ་ནི། །ཇི་ལྟར་བརྟགས་ཤིང་དེ་ལྟར་སྨྲ། །གང་ཞིག་མ་བརྟགས་པར་སྨྲ་བ། །དཔེར་ན་སྨྱོན་པའི་བསྟན་བཅོས་བཞིན། །དགོས་པ་མེད་པའི་ཚིག་རྩུབ་ནི། །ནམ་ཡང་བརྗོད་པར་མི་བྱ་སྟེ། །བདག་ལ་མི་ཕན་གཞན་གནོད་པ། །དཔེར་ན་ནེ་ཙོའི་རྫུན་ཚིག་བཞིན། །རྫུན་གྱི་ཚིག་རྣམས་བརྗོད་མི་བྱ། །རྫུན་གྱི་ཚིག་རྣམས་བརྗོད་བྱས་ན། །མྱུར་བར་གཞན་གྱིས་ཤེས་འགྱུར་ཏེ། །དཔེར་ན་བྱི་ལའི་རྫུན་ཚིག་བཞིན། །ཚུལ་འཆོས་སྤྱོད་པ་བྱ་བ་མིན། །ཚུལ་འཆོས་སྤྱོད་པ་གང་བྱེད་པ། །དེ་ཡིས་བཙུན་པར་མི་འགྱུར་ཏེ། །བྲམ་ཟེ་ན་ཡའི་རྒྱལ་མོ་བཞིན། །མཛའ་བཤེས་ངན་པའི་ཚིག་མི་མཉན། །མཛའ་ཤེས་ངན་པའི་ཚིག་ཉན་པ། །འདོད་དོན་མེད་དེ་བསླུས་པར་འགྱུར། །དཔེར་ན་རུས་སྦལ་སྤྲེའུ་བཞིན། །གཡོ་ཅན་ངག་འཇམ་ཚིག་མི་མཉན། །དེ་ཡི་ཚིག་རྣམས་ཉན་བྱེད་པ། །དཔེར་ན་དབང་པོའི་རྒྱལ་མཚན་གྱིས། །སྤྱང་ཀི་ལ་སོགས་བསླུས་ལ་ལྟོས། །གནོད་སེམས་ཅན་གྱི་ཚིག་མི་མཉན། །དེ་ཡི་ཚིག་རྣམས་ཉན་བྱེད་ན། །བདག་ལ་ཕན་པ་མི་འབྱུང་སྟེ། །ཝ་ནི་སྲེག་པས་ཕུང་བ་བཞིན། །སྡིག་པའི་གྲོགས་པོ་ཡིད་མཐུན་བཞིན། །དགའ་བ་སྣ་ཚོགས་ཚིག་བརྗོད་ཀྱང་། །སྡིག་ངན་དེ་ནི་བདུད་ཡིན་ཏེ། །དཔེར་ན་གླང་གི་སྲིན་མོ་བཞིན། །ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད། །དཔའ་བོ་དུད་འགྲོ་ལ་ཡང་ཡོད། །དོན་དང་མཐུན་པའི་གཏམ་སྨྲ་བ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །དེ་ཕྱིར་ཡོན་ཏན་དག་ལ་ནི། །སྲོག་དང་བསྡོས་ཏེ་འབད་པར་བྱ། །གང་ཞིག་ཡོན་ཏན་མི་སློབ་པ། །དེ་ནི་བླུན་པོ་ཕྱུགས་ལྟ་བུ། །ཡོན་ཏན་མེད་པའི་ཁ་ཉིད་ནི། །ས་ཡི་བུ་ག་དག་དང་མཚུངས། །ཡོན་ཏན་རབ་ཀྱི་བརྒྱན་པ་ཡི། །ཁ་ནི་པད་མ་ཡིད་འོང་ལྡན། །གཞོན་པའི་དུས་སུ་རིག་པ་བསླབ། །ཞོ་འདོད་བ་ནི་དགུན་ནས་གསོས། །དྲོད་གཤེར་ལྡན་དུས་ས་བོན་གདབ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །འོ་མ་མེད་པར་གྱུར་པའི་བ། །དྲིལ་བུ་བཏགས་ཀྱང་ཉོར་མི་འདོད། །བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུན་མར་ལྟ་བུའི་སེམས་ཀྱིས་སུ། །ཡོན་ཏན་མཐའ་དག་ཁོང་དུ་སྦ། །ཤེས་རབ་ལྡན་པ་ལུས་ཆུང་ཡང་། །དར་བབས་གཞན་གྱིས་བརྙས་མི་བྱ། །དཔེར་ན་བློ་གསལ་རི་བོང་གིས། །སེང་གེ་སྲོག་དང་ཕྲལ་བ་བཞིན། །ཀུན་ལ་མཐོ་དམན་མེད་པ་ཡི། །ཉི་མ་ལྟ་བུའི་ཕན་བྱས་ན། །ཀུན་གྱིས་ལན་རྣམས་ལྡོན་འགྱུར་ཏེ། །བྱི་བས་གླང་ཆེན་བསླངས་པ་བཞིན། །སེམས་ཅན་ཀུན་ལ་ཕན་སེམས་བསྐྱེད། །རེས་འགའ་རྩྭ་བཞིན་ཞུམ་པར་བྱ། །རེས་འགའ་མེ་བཞིན་སྦར་བར་གྱིས། །རས་འགའ་གངས་རི་ལྟ་བུར་གྱིས། །རེས་འགའ་དམག་ལ་ངར་བ་བཞིན། །གཞན་གྱི་ཡུལ་ན་གནས་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །ཇི་ལྟ་བུར་ནི་བརྙས་གྱུར་ཀྱང་། །ཁོ་རོག་འདུག་པས་བདེ་བ་འཐོབ། །སྐྱེ་བོ་ངན་པ་ཡུན་རིང་བསྟེན་བྱས་ཤིང་། །བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང་། །ཕན་མེད་གྲོགས་པོས་ངན་པ་སྤྱོད་གྱུར་ཏེ། །དཔེར་ན་ཁྲོན་པར་ལྷུང་བའི་མི་བཞིན་ནོ། །མི་གང་བློ་ནི་གཡོ་ཞིང་འགྱུར་བྱང་བ། །དེ་ཡི་མཛའ་ཤེས་རྟག་པར་མི་འགྱུར་ཏེ། །རབ་ཏུ་ཉོན་མོངས་མི་དེ་ཅི་འདྲ་ན། །ཤིང་ཤུན་ཚོས་ཀྱིས་རས་དཀར་བཙོས་པ་བཞིན། །གལ་ཏེ་བློ་ལྡན་མཁས་པས་དགྲ་བོ་དག །རབ་ཏུ་མི་དགའ་བར་ནི་བྱེད་འདོད་ན། །ཚིག་རྩུབ་མི་སྨྲ་རབ་ཏུ་ངག་འཇམ་གྱིས། །དེས་ནི་དེ་ལ་གནོད་པ་ཆེན་པོར་འགྱུར། །རྒྱ་མཚོ་དང་ནི་རི་རབ་གླིང་ལ་སོགས། །འཇིག་རྟེན་པ་རྣམས་བདག་གི་ཁུར་མིན་གྱི། །ཇི་ལྟར་བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་དག་ཏུ་འབྱུང་། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །ཆོས་འདི་བྱམས་པ་བདེ་བ་སྟེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བཞིན། །གྲོགས་ལ་འཁུ་བ་མེད་པ་དང་། །ང་སྙེམས་ང་རྒྱལ་ཟད་པ་བདེ། །ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ། །སྡིག་པའི་གྲོགས་པོ་བསྟེན་པ་དང་། །སྟོབས་ལྡན་རྣམས་ལ་རྒོལ་བྱེད་པ། །དེ་དག་ཡིད་ནི་བདེ་མི་འགྱུར། །དེ་ཕྱིར་ཁེངས་པར་མི་བྱ་སྟེ། །ཁྲོ་བ་རྣམ་པར་སྤང་བར་བྱ། །ཁེངས་དང་ཁྲོ་བ་འོང་གྱུར་ན། །དེ་དག་རྣམས་ཀྱིས་གྲགས་པ་འཇོམས། །གང་ཞིག་རྒན་དང་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་དོར་དེ་བཞིན་དམན་པ་དང་། །རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ། །སྙིང་རྗེ་མེད་པ་དེ་དག་མིར་མི་རུང་། །རང་གི་ཡུལ་འཁོར་གནས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་པ་ན། །ཚིག་ངན་སོ་སོར་ཟློས་པ་ལ། །བཟོད་པ་ཆེན་པོ་བསྐྱེད་པར་བྱ། །དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །གཙོ་བོའི་ཚུལ་ནི་དཀའ་སྤྱོད་ཡིན། །ཤར་བའི་ཚུལ་ནི་དཀའ་བཟློག་ཡིན། །བུད་མེད་ཚུལ་ནི་དཀའ་ཐུབ་ཡིན། །དེ་ལྟར་མ་ཡིན་རང་བཞིན་ངན་པའི་མི། །བྱམས་ལ་ལན་མེད་གཞན་གྱིས་ཕན་བྱས་བརྗེད། །སྡང་བས་གནོད་པ་ཇི་སྙེད་བྱས་གྱུར་ཀྱང་། །སྡང་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུངས། །ཚེ་དང་ལོངས་སྤྱོད་གཉེན་བཤེས་ཀུན་དེར་དཀོན། །དེ་དག་རྒུད་པ་ཤིན་ཏུ་རྙེད་པར་སླ། །དེ་ཕྱིར་སེམས་ཅན་དམས་པར་གྱུར་པའི་ཚེ། །ཁྭ་བཞིན་མུ་ཅོར་མི་སྨྲ་ཁ་རོག་འདུག །གལ་ཏེ་ནོར་མེད་བདག་གི་ཕྱོགས་ཉུང་ལ། །མཛའ་བཤེས་ཕྱོགས་ཀྱི་སྟོབས་ཀྱང་ཆུང་གྱུར་ཞིང་། །དགྲ་བོའི་ཕྱོགས་ཀྱི་སྟོབས་ཚུལ་ལྡན་པའི་ཚེ། །ཚིག་རྩུབ་མི་སྨྲ་ཁ་རོག་འདུག་པར་བྱ། །ཡ་རབས་ཚུལ་མེད་ཁེངས་པས་ང་རྒྱལ་ཤིན་ཏུ་ཆེ། །གཡོ་སྒྱུ་དད་མེད་ཁྭ་བཞིན་ཤིན་ཏུ་མུ་ཅོར་སྨྲ། །གཟུ་ལུམ་ཕྲག་དོག་རྐམ་དང་ཁྲེལ་མེད་ངོ་ཚ་བྲལ། །མི་དེ་བུར་གྱུར་ཀྱང་ནི་གཞན་བཞིན་སྤང་བར་བྱ། །དེ་ལྟ་བུ་ཡི་དམན་ཞིང་ངན་པ་དེ། །མཐོན་པོའི་སར་མི་དྲང་ཞིང་དེར་མི་བཞག །ས་དེར་བཞག་ཀྱང་དྲེགས་དང་ཁེངས་མི་ཐུབ། །དཔེར་ན་པགས་པ་སྔོན་པོའི་ཝ་དང་འདྲ། །སྐྱེ་བོ་རྨོངས་པ་འགའ་ཞིག་ནི། །ལོག་པའི་ཆོས་ལ་རབ་ཞེན་པ། །འདོད་པའི་དོན་དེས་བསླུས་འགྱུར་ཏེ། །རུས་སྦལ་སོ་ཡིས་བྱ་བསླུས་བཞིན། །རབ་ཏུ་མི་གཟོའི་སྐྱེ་བོ་རྣམས། །སྡུག་བསྔལ་འབྱུང་བའི་རྒྱུ་དག་ལ། །དང་བླངས་དོན་དུ་གཉེར་བྱེད་པ། །གཅན་གཟན་གལ་སྒོར་འཇུག་པ་བཞིན། །དྲེགས་པའི་ལོང་བ་འགའ་ཞིག་ནི། །རང་གི་སྐྱོན་རྣམས་མི་བསམས་པར། །ཡོན་ཏན་ཕྲ་མོས་རབ་མགུ་བ། །ཁྲོན་པའི་སྦལ་པ་ཇི་བཞིན་ནོ། །རྨོངས་པའི་ལོང་བ་འགའ་ཞིག་ནི། །ཆོས་ཀྱི་དེ་ཉིད་མ་རྟོགས་པར། །ལོག་པའི་ཆོས་ཀྱིས་རབ་མགུ་བ། །བླུན་པོས་ནོར་བུ་ལེན་པ་བཞིན། །ཤིན་ཏུ་བླུན་པ་ལ་ལ་དག །འཆི་བའི་རྣམ་པ་རབ་བརྗེད་ནས། །བྱ་བ་མང་པོ་རྩོམ་བྱེད་པ། །བདུད་ཀྱིས་བསླུས་པར་ཤེས་པར་བྱ། །འགྲོ་བ་བཟང་པོ་བཟང་མོ་ལ། །གང་ཞིག་རབ་ཏུ་ཆགས་བྱེད་པ། །སྲོག་ཆགས་མེ་ལ་མཆོང་བ་བཞིན། །འདོད་པས་འཕུང་བར་འགྱུར་བ་ཡིན། །རྟ་དང་མ་ཧེ་གླང་པོ་སོགས། །གང་ཞིག་དེ་ལ་ཆགས་བྱེད་པ། །འདོད་པ་ཅན་གྱི་སྐྱེས་བུ་ཡིས། །རྨི་ལམ་ནོར་རྙེད་བསླུས་པ་བཞིན། །སྡིག་པའི་ལས་ལ་རབ་དགའ་ཞིང་། །དགེ་ལ་དྲན་པར་མི་བྱེད་པ། །འཇིག་རྟེན་དག་ལ་རབ་ཏུ་ཆགས། །དུག་དང་འདྲ་བའི་སྐྱེས་བུ་དེ། །འདིར་ཡང་སྡུག་བསྔལ་ཆེན་པོ་ཅན། །ཕྱི་མ་མནར་མེད་རབ་ཏུ་འཇིགས། །བར་དོར་སྲིད་པའི་ལས་རྣམས་དྲན། །གསལ་བའི་མེ་ལོང་རབ་འཇིགས་པས། །ལས་ཀྱི་དགེ་སྡིག་རྣམ་པར་ཕྱེ། །རང་འདོད་གནས་སུ་གནས་དབང་མེད། །མི་འདོད་སར་ནི་རྣམ་པར་ཁྲིད། །ལས་ཀྱི་རྒྱུ་འབྲས་མི་བསླུ་བ། །ཕོ་མོ་མཐོང་བའི་རྣམ་པའམ། །གཞན་ཡང་རབ་ཏུ་གྲངས་མང་ལྟོས། །དེ་ཕྱིར་དམ་པའི་སྐྱེས་རྣམས་ཀྱིས། །རྒྱུན་དུ་འཆི་བ་དྲན་པ་ར་བྱ། །རང་གིས་ཅི་བྱས་ལས་རྣམས་བགྲང་། །ཡུད་ཙམ་པ་ཡི་ཚེ་འདི་ལ། །ཐང་གཅིག་འདུག་པའི་བློ་ཅན་ཏེ། །དེ་ནི་ཤིན་ཏུ་འཁྲུལ་བ་སྟེ། །མཁའ་འགྲོ་མ་ཡི་རྫུ་འཕྲུལ་བཞིན། །དེ་ཕྱིར་རྟག་པའི་སེམས་མི་བསྐྱེད། །ངན་སོང་གསུམ་པོ་དྲན་པར་བྱ། །སྲོག་གཅོད་ལ་སོགས་ལུས་ཀྱི་ནི། །ཉེས་པ་རྣམ་པར་བསྡམ་པར་བྱ། །རྫུན་སོགས་ངག་གི་ཉེས་པ་སྤང་། །དེ་བཞིན་ཡིད་ཀྱི་ཉེས་པ་སྤང་། །མ་ལུས་རབ་ཏུ་བསྡམ་པར་བྱ། །དེ་ནི་སྐྱེས་བུ་དམ་པའི་ཚུལ། །རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་རྣམས་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤང་བདེ་རྒྱུ་འབད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །འདིར་བདག་མི་ཡི་ལུས་ཐོབ་ནས། །ཕྱི་མར་སྨོན་ལམ་འདེབས་བྱེད་པ། །དེ་ནི་བླུན་པོ་ལེ་ལོ་ཅན། །ངན་སོང་གནས་སུ་རབ་འགྱོད་དེ། །གྲོ་བཞིན་སྐྱེས་ཀྱིས་རྡོ་འཇོག་གི །ཡི་དྭགས་མཐོང་བ་ཇི་བཞིན་ནོ། །འདི་ཡི་ཚེ་ནི་མ་ངེས་པས། །དེ་རིང་སང་ངམ་ཟླ་བའམ། །ལེ་ལོའི་རྣམ་པས་འཆི་འགྱུར་ཏེ། །དེ་ཕྱིར་དགེ་ལ་བརྩོན་པར་བྱ། །དམ་པའི་ཆོས་ལ་རབ་འཇུག་ན། །རིགས་ངན་གཤམ་མོ་ལྟ་བུ་དང་། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་། །བྲན་མོ་བཙུན་མོར་ཐུབ་པས་གསུངས། །དམ་པའི་ཆོས་ལ་མི་འཇུག་ཅིང་། །འཇིག་རྟེན་ཁྲེལ་ལྟས་མི་སྲུང་བ། །ཤིན་ཏུ་སྨད་ཅིང་བཤུང་འགྱུར་ཏེ། །བྷི་ར་ལི་བའི་དཀའ་ཐུབ་བཞིན། །རི་བྲག་འདོམ་གང་སོགས་ཡོད་ཟབ། །དེ་ལའང་རབ་ཏུ་སྲུང་བྱེད་ན། །ཤིན་ཏུ་གཏིང་མེད་གྱུར་བ་ཡི། །གཡང་སར་ལྷུང་བ་ཅིས་མི་སྲུང་། །ཡུངས་འབྲུ་ཙམ་གྱི་རྨ་ཁུང་ཡང་། །ཤིན་ཏུ་བསྒྲིམས་ཏེ་འཆོས་བྱེད་ན། །འཚོ་མེད་ཚལ་བར་འགས་པ་ཡི། །རྨ་དེ་ཅི་ཕྱིར་འཆོས་མི་བྱེད། །ཉིན་པར་འགའ་ཟུང་ཙམ་དུ་ཡང་། །ཟས་སྐོམ་གྱིས་དབུལ་མི་བཟོད་ན། །བར་གྱི་བསྐལ་བ་ལ་སོགས་སུ། །ཟས་གོས་མི་མྱོང་ཅི་ཕྱིར་བཟོད། །རང་ལུས་དག་ལ་ཚེར་མ་ཡི། །རྩེ་མོའང་བཟོད་པར་མི་འགྱུར་ན། །གཞན་གྱི་ལུས་ལ་མཚོན་དག་གིས། །སྲོག་དང་འབྲལ་བ་ཅི་ཕྱིར་བཟོད། །རྨ་འབུ་དུག་རྡེའུ་ཤིང་སྲིན་དང་། །ས་བོན་མྱུ་གུ་སྡོང་སྐྱེས་དང་། །དེ་བཞིན་ངན་པའི་མི་རྣམས་ནི། །རང་རྟེན་ཁོ་ན་འཕུང་བ་སྒྲུབ། །ཕྱི་མ་ཤེས་མ་མཛངས་མའི་ཚུལ། །ཉོན་མོངས་དགྲ་ཐུལ་དཔའ་བོའི་ཚུལ། །ཆགས་པ་མེད་པ་ཆོས་བྱེད་ཚུལ། །མཁས་པའི་ཚུལ་ནི་རྟོགས་པ་ཡིན། །རྟོགས་པའི་ཚུལ་ནི་བྱེད་པ་ཡིན། །འགྱོད་པ་མེད་ནི་སྦྱིན་པའི་ཚུལ། །ཚུལ་ཁྲིམས་ཚུལ་ནི་མ་བཅོས་པ། །བཟོད་པའི་ཚུལ་ནི་ཆོས་ཉིད་ཤེས། །བརྩོན་འགྲུས་ཚུལ་ནི་འཆི་བ་དྲན། །བསམ་གཏན་ཚུལ་ནི་གཡེང་བ་མེད། །རྣམ་པར་འབྱེད་ཤེས་ཤེས་རབ་ཚུལ། །སངས་རྒྱས་འདོད་པ་དད་པའི་ཚུལ། །རྟོག་པ་ཆུང་བ་རྣལ་འབྱོར་ཚུལ། །ཟང་ཟིང་གཉེན་བྲལ་སྒོམ་མཁན་ཚུལ། །ཕན་སེམས་ཆེ་བ་སྒྲིན་པའི་ཚུལ། །དྲང་པོའི་ཚུལ་ནི་མི་བསླུ་བ། །བག་ཡོད་ཉམ་ང་མེད་པ་གང་། །དེ་ནི་རྒྱལ་པོའི་ཚུལ་དུ་བཤད། །དེ་ཡི་ཚུལ་དང་མི་ལྡན་པ། །དམན་ཞིང་སྨད་པའི་ཚུལ་བྱེད་པ། །ལས་ཀྱི་རྒྱུ་འབྲས་མི་བསླུའི་ཚུལ། །འོག་གི་ཚུལ་ནི་འདི་བཞིན་ནོ། །ཡོད་བྱད་ལྡན་ལ་སེར་སྣས་བཅིངས། །བསླངས་ན་ཁྲོ་བ་དང་བཅས་པ། །སྡུག་བསྔལ་ཆེན་པོས་ནོན་གྱུར་ཏེ། །ཤུ་མ་རི་ཡི་མི་སྡུག་བཞིན། །མཉམ་སོགས་དག་ལ་ཕྲག་མི་དོག །འདིར་ཡང་སྡུག་བསྔལ་ཆེ་འགྱུར་ལ། །ཕྱི་མར་རྣམ་སྨིན་ཆེ་འགྱུར་ཏེ། །དཔེར་ན་གཞོན་ནུ་ཝ་ད་ང་འདྲ། །དྲེགས་མེད་ཤིན་ཏུ་དུལ་བར་བྱ། །ཀུན་ལ་གསོང་པོར་སྨྲ་བར་བྱ། །ཁྲོ་མེད་ང་རྒྱལ་སྤང་བར་བྱ། །ཀུན་ལ་འཛུམ་ཞིང་དྲང་པོར་སྨྲ། །དོན་མེད་ཅལ་ཅོལ་སྨྲ་མི་བྱ། །འདུ་བ་མང་པོའི་སར་མི་འགྲོ། །ཆང་སོགས་མྱོས་པ་བཏུང་མི་བྱ། །ཅིད་འདོད་སྦྱིན་ལ་ཡངས་པར་བྱ། །བཤེས་མེད་མི་ལ་བྱམས་པར་བྱ། །དགེ་བའི་ཆོས་ལ་བརྩོན་པར་བྱ། །ཁྲིམས་སོགས་བླངས་ལ་བསྲུང་བར་བྱ། །དེ་ལྟར་བྱས་ན་མང་པོའི་མི། །ངང་གིས་བདེ་བ་འཐོབ་པར་འགྱུར། །ད་ལྟ་ཤིན་ཏུ་ངན་པའི་མིས། །རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །ད་ནི་མནའ་སྔགས་ངན་སྤྱོད་དང་། །ལོག་པར་ལྟ་བ་མང་བ་ཡིས། །ཆོས་ལུགས་བོར་ཞིང་རང་བཟོ་བྱེད། །བརྐམ་ཆགས་ཕ་རོལ་མ་མཐོང་བས། །བསྟན་པའི་རྒྱལ་མཚན་བསྙལ་གྱིས་མེད། །ད་ནི་གདུལ་དཀའ་ངོ་ཚ་མེད། །སྡིག་ལ་དགའ་ཞིང་ཚུལ་འཆོས་བྱེད། །སྡིག་ཅན་རྣམས་ཀྱིས་ཐུབ་པ་ཡི། །བསྟན་པའི་ཟམ་པ་བཅག་གིས་མེད། །ད་ནི་མགོ་བྲེགས་ཉམས་མི་ལེན། །སྤྱོད་འཆལ་སྨད་པ་ལུས་ལ་འཆོས། །ངན་གཡོ་ཅན་གྱིས་ཐུབ་པ་ཡི། །བསྟན་པའི་ཚོགས་འདུས་བཅོམ་གྱིས་མེད། །ད་ནི་ཁྲོ་དང་ང་རྒྱལ་དང་། །རྒྱགས་ཆོས་བྱེད་ཅིང་རྙེད་ལ་ཞེན། །སྡིག་པ་སྣ་ཚོགས་བྱེད་པའི་མིས། །ཆོས་ཀྱི་གྲུ་བོ་བཅག་གིས་མེད། །ད་ནི་ཐུབ་པའི་བསྟན་པ་ཡང་། །ཅུང་ཟད་ཙམ་ཞིག་ལུས་པར་ཟད། །ཐུབ་པའི་བསྟན་པ་གངས་ཆེན་མཚོ། །རིང་པོར་མི་ཐོགས་སྐམ་པར་འགྱུར། །སེང་གེའི་སྒྲ་ཡི་བསྟན་པ་ནི། །དུས་ཀྱི་འཁོར་ལོས་རབ་བཅོམ་ནས། །མྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་ཚེ། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །ད་ནི་ལེགས་པར་བརྟག་པའི་རིགས། །དུས་ཀྱི་འཁོར་ལོ་ངན་བྱེད་པ། །ཡ་རབས་ཤེས་རབ་ལྡན་པ་དང་། །ཚུལ་ཅན་དག་དང་བསྟེན་མི་ཤེས། །ཉེས་པ་བསྟེན་ཅིང་ཚུལ་ཁྲིམས་སྤངས། །དབེན་པས་འཇིགས་ཤིང་འདུ་འཛི་འདོད། །མི་མཁས་བསླབ་ཉེས་སློབ་དཔོན་ནོར། །གདུག་རྩུབ་ང་རྒྱལ་བརྙས་པ་ཆེ། །ངན་པའི་མི་ལ་ཡིད་རྟོན་པས། །སངས་རྒྱས་བསྟན་པ་མ་རུང་བྱས། །ཞི་ཞིང་བདེ་བའི་དུས་ནི་ཟད། །གདུག་རྩུབ་མི་བཟད་དུས་ནི་བྱུང་། །ཤེས་རབ་ཅན་གྱི་མི་རྣམས་དང་། །དཔར་གྱུར་སྐྱེ་བོ་རྣམས་ནི་ཟད། །གང་ཞིག་དེ་ལྟའི་དུས་བྱུང་ཚེ། །རང་གི་ཡུལ་འཁོར་གནས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་པ་ནི། །དེ་ཡང་ནགས་འདབ་དབེན་པ་རུ། །སྨྲ་བ་བསྐྱུངས་ཏེ་གནས་པར་བྱ། །དཀའ་པོའི་ཆོས་རྣམས་ཡིད་ལ་མི་འཇོག་སྐྱེ་བོ་རྣམས་ལ་ནི། །མི་ཆོས་ཕུལ་དུ་བྱུང་བ་ཡིད་ལ་འཇོག་པ་འདི་ཉིད་ནི། །ཅུང་ཟད་དགེ་བར་གྱུར་ན་སྙམ་ནས་བྲིས་པའི་དགེ་བ་ཡིས། །བློ་མུན་མ་ལུས་སྒྲོལ་ཞིང་བསྟན་བཅོས་ཡུན་དུ་གནས་པར་ཤོག །ལུགས་ཀྱི་བསྟན་བཅོས་ཀྱི་སྙན་དངགས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཞལ་སྔ་ནས་མཛད་པ་རྫོགས་སོ། །
རྒྱ་གར་གྱི་མཁན་པོ་ཤཱི་ལེནྡ་བོདྷི་དང་། ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བའོ། །མངྒ་ལཾ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།