དགེ་རྒན་གཅན་རོང་བསྟན་འཛིན་གྱི་དེབ་གསར«སྙན་ངག་གི་མེ་ཏོག»འགྲེམ་སྤེལ་བྱས།

24861728328721_.pic.jpg


«སྙན་ངག་གི་མེ་ཏོག»མཚམས་སྦྱོར།


                གཅན་རོང་བསྟན་འཛིན།

     ངའི་སྙན་ངག་གི་མེ་ཏོག་ཆུང་ཆུང་འདི་ནི། རང་ལོ་ཉི་ཤུ་ཙམ་གྱི་སྐབས་སུ་སྙན་ངག་སློབ་སྦྱོང་བྱེད་པའི་དུས་ནས་ད་ལྟ་ལོ་རྒན་དྲུག་ཅུ་རྩ་སྨད་བར་ཏེ། གཞོན་དར་རྒན་གསུམ་གྱི་མི་ཚེ་ཧྲིལ་བོའི་འཕྲོ་འདུའི་རླབས་ཕྲེང་རེ་རེ་བཅད་ལྷུག་སྤེལ་མའི་སྙན་ངག་མེ་ཏོག་གི་གཟུགས་སུ་ཤར་བ་ཡིན་པས། མི་ཚེ་ཧྲིལ་བོའི་ཤེས་ནུས་སྤྱོད་གསུམ་གྱི་མེ་ཏོག་འདི། སྙན་ངག་འཆམ་མཐུན་གྱི་འདབ་མ་དང་། མགུར་གླུ་བརྩེ་སེམས་ཀྱི་ཟེའུ་འབྲུ། ལྷུག་རྩོམ་རྩལ་ནུས་ཀྱི་ཡལ་འདབ་གསུམ་གྱིས་གྲུབ་ཡོད་པ་མ་ཟད། འདབ་མའི་ཕྲེང་བ་རེ་རེའང་ངེས་དོན་གྱི་རྟོགས་བརྗོད་དང་བསྟོད་པ། དྲན་གདུང་། རེ་སྙེག ཤིས་ཚིག    མྱོང་རོལ་སོགས་ཀྱི་མཛེས་སྡུག་གི་ལྷ་མོ་རེ་རེ་དང་། མགུར་གླུའི་ཟེའུ་འབྲུའང་ནང་སེམས་ཀྱི་དགའ་སྐྱོའི་ཚོར་སྣང་དང་བརྩེ་དུང་། མོས་འདུན། ཉམས་སྣང་། གསོལ་འདེབས། དྲིན་དྲན། ཤེར་སྙེག་སོགས་ཀྱི་ཡང་བཅུད་ཚོམ་བུར་འཁྱིལ་བའི་དྲི་ཟའི་མགུར་རྟ་རེ་རེ། ལྷུག་བརྗོད་ཀྱི་དྲི་བསུང་ནི་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་གསོའི་ཕྱག་བྲིས་དང་ཁྱབ་བདག་རྫོགས་བྲིས་ཀྱི་བརྩེ་ཆེན་རྡོ་རྗེའི་བསུང་ཞིམ་མངར་མོར་མཆོད་གདུང་ལོ་རྒྱུས་དང་། ཟུངས་བཅུད་ཀྱི་ལེགས་སྐྱེས། གསལ་བཤད་བགྲོ་གླེང་། མཇུག་བྱང་བཅས་ཀྱི་ཁ་ཚར་བཀྲ་བས་རྣ་དབང་རྣོ་རྟུལ་ལ་བསུང་ཞིམ་གྱི་དྲི་ངད་ཁྱད་པར་བ་རེ་རེར་གྱུར་དང་འགྱུར་ངེས་ཡིན། 

24851728328720_.pic.jpg

    སྙན་རྩོམ་མེ་ཏོག་གི་བརྗོད་བྱའི་ལུས་ལ་རིང་ཐུང་གྲིམ་ལྷོད་རན་པའི་སྒེག་ཆ་དང་། རྗོད་བྱེད་དོན་རྒྱན་དང་གབ་རྒྱན། ཟུང་ལྡན་གྱི་རྒྱན་གྱིས་གང་ལ་གང་འཚམ་དུ་སྤྲས་པའི་མཛེས་ཆ་ཡོད་ཅིང་། བརྗོད་འདོད་སྲོག་གི་རིག་པ་བཏང་ལྷོད་དང་འཇམ་རྩུབ། རྣོ་བུལ་གྱ་ནོམ་པ་ལ། གནའ་དེང་ཤེས་རབ་ཀྱི་ལང་ཚོ་འབར་ཕྱིར། དབྱངས་གསལ་སྙན་ངག་གི་མེ་ཏོག་ཆུང་ཆུང་འདི་མི་རིགས་དཔེ་སྐྲུན་གྱི་མཐོ་ཚད་ནས་ཀློག་པ་པོ་གཡུ་སྦྲང་གི་སྐལ་བར་བཞད་པར་གྱུར་བ་རེད།

24871728328722_.pic.jpg

 ཡིན་ནའང་མེ་ཏོག་ནི་གཡུ་སྦྲང་གི་ཞིང་བཀོད་ཙམ་དང་གཡུ་སྦྲང་ནི་ད་གཟོད་མེ་ཏོག་གི་ཚེ་སྲོག་ངོ་མ་ཡིན་པས། སྙན་ངག་གི་མེ་ཏོག་འདི་དང་འདི་ལྟ་བུ་ལ་ཡོད་རུང་གི་ཀློག་པ་པོའི་གཡུ་སྦྲང་ས་ཡ་འགའ་ཤས་ཙམ་ལས་མེད་པར་བཤད་པའི་ནང་ན། དབྱངས་གསལ་སོ་བཞིའི་རྣམ་འགྱུར་ལས་སྐྱེས་པའི་སྙན་ངག་འདི་དང་འདི་ལྟ་བུ་དངོས་སུ་ཀློག་ནུས་པའི་གཡུ་སྦྲང་གི་སྤྱི་གྲངས་དག་ལ་ཞིབ་འདང་དཔྱད་ཞིབ་ཅིག་བྱས་ན།  སྙན་ངག་གི་མེ་ཏོག་འདི་ལྟ་བུ་མྱོང་རོལ་བྱེད་ཐུབ་པའི་གཡུ་སྦྲང་རེ་རེ་ནི་ངོ་མ་སྙན་ངག་གི་གསེར་དངུལ་གྱི་མཆོད་རྟེན་རེ་རེ་དང་། གཡུ་སྦྲང་གི་སྐྱེ་ཁྱིམ་རེ་རེ་ནི་མཆོད་རྟེན་དེའི་ཞིང་ས་རེ་རེ་ནས་གཡུ་སྦྲང་གི་ཕ་མ་རེ་རེ་ནི་གསེར་དངུལ་མཆོད་རྟེན་བཞེངས་པའི་བྱེད་པོ་རེ་རེ་དང་ཕ་མེས་རེ་རེ་ཡང་མཆོད་རྟེན་དེའི་བདག་རྐྱེན་བླ་ན་མེད་པ་རེ་རེར་གྱུར་དང་འགྱུར་བཞིན་ཡོད་པའི་དྲི་ལན་གསལ་བོ་ཞིག་ཀྱང་རྙེད་ཐུབ་ངེས་རེད་སྙམ།

24841728328719_.pic.jpg

གཅན་རོང་བསྟན་འཛིན།

    བོད་ཀྱི་སློབ་གསོ་བ་གཅན་རོང་བསྟན་འཛིན་ལགས་ནི། སྤྱི་༡༩༦༢ལོར་རྨ་ལྷོ་ཁུལ་གཅན་ཚ་རྫོང་དགུ་རོང་ཁོག་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ནས་སློབ་ཆུང་དང་དམའ་འབྲིང་སོགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་མྱང་བ་མ་ཟད། ཁྱད་པར་དུ་དགེ་རྒན་ཆེན་མོ་ལྷ་མོ་སྐྱབས་དང་མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།དགེ་བཤེས་ཆེན་མོ་དགེ་འདུན་རྒྱ་མཚོ་ཚང་སོགས་ཀྱི་དྲུང་དུ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཁག་ལ་ཐོས་བསམ་མཛད་ཅིང་། ལོ་མང་པོར་སློབ་གསོ་སློབ་ཁྲིད་དང་སློབ་གསོ་དོ་དམ་གྱི་ཕྱག་ལས་བསྐྱངས། སློབ་གསོ་ལག་ལེན་རྣམ་བཤད་དང་སློབ་གསོ་ཐབས་ལམ་རྣམ་བཤད་སོགས་སྤེལ་པར་བོད་ཀྱི་སློབ་གསོ་བ་གང་མང་གིས་གདེང་འཇོག་ཆེན་པོ་ཐོབ་ཡོད།  

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།