༄༅། །རྫོགས་ཆེན་སྙན་བརྒྱུད་ཀྱི་ཤིང་པར་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་སུ་གསོལ་བ།

WechatIMG1784.jpg

༈  བོད་རབ་རྒྱན་མཛེས་བྱེད་ཆུ་ཡོས་ལོའི་ཟླ་དགུ་པའི་ཚེས་གཅིག་དང་སྤྱི་ལོ་ 2023/10/15 ཉིན་༧ ཁྱབ་བདག་རྫོགས་ཆེན་པ་སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་མཆོག་གིས་མཛད་པའི་རྫོགས་ཆེན་སྙན་བརྒྱུད་དོན་གྱི་མན་ངག་ངོ་མཚར་ནོར་བུའི་མེ་ལོང་ཞེས་བྱ་བ་དཔར་རྐོས་ལེགས་པར་གྲུབ་ནས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་མོར་འཛམ་གླིང་རིག་དངོས་གཅེས་གྲས་སུ་བཞུགས་སུ་གསོལ་བ།

WechatIMG1782.jpg


ཇི་སྐད་དུ། རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུངས་པ་ལྟར་རྒྱལ་བ་མི་ཡི་སེང་གེའི་བསྟན་པ་ཡོངས་སུ་ཚང་ཞིང་ཡོངས་སུ་རྫོགས་པའི་ལྷ་གོས་ཀྱི་རྩེ་ན་ཁྱད་པར་གྱིས་མཐོ་ཞིང་འོད་བཟང་འབར་བའི་རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུ་དང་ཁྱད་པར་ཡང་གསང་བླ་མེད་འོད་གསལ་སྙིང་ཐིག་གི་རྒྱུད་ཆེན་བཅུ་བདུན་སྔགས་སྲུང་ཁྲོས་མ་ཀློང་གསལ་འབར་མའི་རྒྱུད་བཅས་ཀྱི་དགོངས་པ་བཀའ་སྲོལ་གཉིས་ཀྱིས་མན་ངག་གི་བཅུད་ཕྱུང་སྟེ་གདམས་པ་རྣམས།  WechatIMG1783.jpg

གསང་འཛིན་དགའ་རབ་དཔའ་བོ་དང་ཞལ་མི་གཉིས་པ། གངས་ལྗོངས་ཐེག་རྩེའི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་བཀྲལ་བའི་དགོངས་ཉམས་གཅིག་ཏུ་དྲིལ་བ་ནི། ཀུན་མཁྱེན་གཉིས་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་གདོད་མའི་མགོན་པོའི་ལམ་གྱི་ཁྲིད་ཡིག་ཡེ་ཤེས་བླ་མ་ཉིད་ཡིན་ལ། ཁྲིད་ཡིག་དེ་ཉིད་ཀྱི་རྒྱས་འགྲེལ་གྱི་ཐོག་མར་གྱུར་པ་ནི། 

WechatIMG1729.jpg

རྒྱལ་དབང་པདྨ་ཀཱ་ར་ངུར་སྨྲིག་འཛིན་པའི་དགེ་སྦྱོང་གི་རྣམ་པར་རོལ་པ། མཁས་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ། རྒྱལ་བསྟན་གསལ་བའི་ཉིན་བྱེད། འོད་གསལ་གསང་བ་སྙིང་ཐིག་གི་བཀའ་བབ། ཁྱབ་བདག་རྫོགས་ཆེན་པ་སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེས་མཛད་པའི། སྙན་བརྒྱུད་དོན་གྱི་མན་ངག་ངོ་མཚར་ནོར་བུའི་མེ་ལོང་ཞེས་བྱ་བ། ཁྲིད་ཡིག་ཡེ་ཤེས་བླ་མའི་ཚིག་དོན་མཐའ་དག་རབ་ཏུ་གསལ་བར་འབྱེད་པ། ཆོས་ཉིད་མཐའ་གྲོལ་དུ་རྟོགས་ཤིང་ལྷུན་གྲུབ་རང་འོད་དུ་གསལ་བའི་སྨིན་ཁྲིད་ལག་ལེན་དུ་འདེབས་པའི་ལུགས་སུ་བྱས་པ། ངེས་དོན་རྒྱུད་སྡེ་རྒྱ་མཚོའི་དགོངས་གནད་འགྲོལ་ཞིང་། སྙིང་ཐིག་མ་བུའི་གདམས་ཟབ་གཅིག་ཏུ་དྲིལ་བ། འབྲེལ་ཞིང་ཉེ་ལ་བར་མ་ཆོད། མཚན་ཉིད་ནོར་འཆུགས་མེད་པའི་ཡིད་ཆེས་པའི་གདེང་རྙེད་པའི་རིག་འཛིན་བརྒྱུད་པའི་སྙན་བརྒྱུད་ཞལ་ཤེས་ཀྱི་བཅུད་དང་ལྡན་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ། སྔ་ན་མེད་པའི་ལེགས་བཤད་འདི་ཉིད་གྲུབ་ལ། གང་དེ་རྒྱལ་བསྟན་སྤྱི་དང་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པ་དར་ཞིང་རྒྱས་པའི་བཙས་དང་། ཆོས་ཚུལ་འདི་ཉིད་ཀྱི་ཕྲིན་ལས་ཕྱོགས་དུས་མུ་མཐར་ཁྱབ་པའི་རྟེན་འབྱུང་དགེ་བའི་རྟེན་དུ། 

17811697361107_.pic_hd.jpg

ཁྱབ་བདག་བླ་མའི་སློབ་ཚོགས་པདྨའི་འོད་སྣང་ཚོགས་པས་ཡི་གེའི་ཕྱི་མོ་གཅིག་ལས་དུ་མར་འཆར་བའི་ཐབས་མཆོག་ཤིང་པར་དུ་བསྒྲུབས་ཏེ། གངས་ལྗོངས་ཤེས་རིག་གི་བང་མཛོད། ཆོས་སྐུའི་རིང་བསྲེལ་གྱི་མཆོད་སྡོང་ཆེན་མོ།

17801697361098_.pic_hd.jpg

17751697361084_.pic.jpg

དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་པོར་འཛམ་གླིང་རིག་དངོས་གཅེས་གྲས་སུ་བཞུགས་སུ་གསོལ་བ་སྟེ།ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས། གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་སོགས་གསུངས་པའི་རྣམ་དཀར་དགེ་ཚོགས་གང་གིས་ལུང་རྟོགས་སྙིང་པོའི་བསྟན་པ་དར་ཞིང་ཡུན་དུ་གནས་པ་དང་། དེའི་མཐུས་འགྲོ་རྣམས་འཕྲལ་ཡུན་གྱི་བདེ་སྐྱིད་ལ་སྤྱོད་པའི་རྒྱུར་འགྱུར་བར་ཤོག་ཅིག་ཅེས་སྨོན་པའོ།

17781697361090_.pic_hd.jpg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།