རྫོགས་ཆེན་སྨྱུག་འཛིན་ཚོགས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་སྟོན་གྱི་མཛད་སྒོ་སྤེལ་བ།

IMG_7271.jpg

དཔྱིད་ཟླ་གསུམ་པའི་རུ་དམ་ལུང་པ་ནི་སྔར་བཞིན་དྭངས་གསལ་ཤེལ་གྱི་ལྷུན་པོ་ལྷོ་ཡི་ཟིལ་ཁྲོམ་རི་བོས་ཆུ་འཛིན་གྱི་མགུལ་རྒྱན་དཀྲིས་ཤིང་གནས་འདིའི་ལྷ་མིའི་དབུ་འཕང་དཀར་པོ་དགུང་ལ་བསྟོད་ཀྱིན་འགྱིང་བ་དང་། དབེན་པའི་ནགས་དང་སྒྲུབ་པའི་ཏིང་འཛིན་གྱི་རི་བོ་ཉམས་དགའ་བ། བཤད་པའི་སྡེ་དང་ཆོས་དུང་དཀར་མོ་གཡས་འཁྱིལ་གྱི་སྒྲ་དབྱངས་སྙན་མོ་རྟག་ཏུ་གྲག་བཞིན་རེ་སྨོན་གསར་དུ་བཞད་པའི་ནེའུ་གསིང་མེ་ཏོག་གི་རྣམ་པས་ཀུན་ནས་མཛེས། 

DSCF3234.JPG

བོད་རབ་རྒྱན་དགའ་བྱེད་ཆུ་མོ་ཡོས་ཀྱི་ལོའི་བོད་ཟླ་གསུམ་པའི་ཚེས་བཅུ་སྟེ་སྤྱི་ལོ་ 2023.4.30 ཉིན་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཀུན་དགའ་ར་བའི་ཚོམས་ཆེན་དུ་རྫོགས་ཆེན་སྨྱུག་འཛིན་ཚོགས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་སྟོན་གྱི་མཛད་སྒོ་སྤེལ་བ་དང་།  ཚོགས་དབུས་སུ་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་དང་ཤྲཱི་སེང་ན་ལེནྡྲའི་མཁན་ཆེན་ཁྲི་པ་པདྨ་འཇམ་དབྱངས། ཆོས་གྲྭའི་སློབ་སྟོན་གཞུང་ལས་ཁང་གི་མཁན་པོ་དང་སློབ་དཔོན། སྨྱུག་འཛིན་ཚོགས་པའི་རྒྱུན་འཛིན་དགེ་སློབ་ཡོངས་དང་ལྟད་མོ་བ་སོགས་མཉམ་ཞུགས་གནངས་ནས་ཡིག་གཟུགས་བརྩམས་ཆོས་སྣ་བརྒྱ་ལ་གཟིགས་ཞིབ་མཛད་ཅིང་བསྟོད་བསྔགས་གནང་། 

DSC00611.JPG

རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་རིག་གནས་ཀྱི་རྣམ་བཞག་དང་གངས་ཅན་ཆོས་རིག་དར་རྒུད་ཀྱི་བྱུང་བ།  བྱེ་བྲག་འབྲེལ་ཡོད་ཆེད་མཁས་རིམ་པས་གཏན་འབེབ་གནང་བའི་ཡིག་གཟུགས་དུས་སྟོན་ལ་དགོས་པ་རྒྱུ་མཚན་དང་འབྲེལ་ཕྱར་བ་གྲུ་འདེགས་དགོས་པའི་སློབ་སྟོན་དང་། འབྱུང་འགྱུར་བྲིས་གཟུགས་ཕྱོགས་ཀྱི་རྣམ་པ་ཇེ་རྒྱས་དགོས་ཚུལ་སོགས་བཀའ་སློབ་ལམ་སྟོན་གནང་། 

DSC00665.JPG

གནས་མཆོག་རྫོགས་ཆེན་ཡུལ་ནི་མདོ་ཁམས་སྨད་ཀྱི་བསྟན་པའི་ཞིང་ས་ཆེན་མོ་དང་ཁམས་སྡེ་དགེ་རིག་པ་འབྱུང་བའི་ཆོས་ཀྱི་བསྟི་གནས་གལ་ཆེན་ཞིག་ཏུ་བསྔགས་ལ། བྲིས་གཟུགས་རིག་གནས་ཀྱི་ཕྱོགས་ནས་གཙོ་བོ་ཁྱབ་བདག་པདྨ་སྐལ་བཟང་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་རྫོགས་བྲིས་ཡིག་གཟུགས་དར་ཆེ་སའི་ཁུངས་ཡིན་པ་དང་། གཞན་ཡང་རྫོགས་ཆེན་སྐུ་རབས་རིམ་བྱོན་དང་རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་ཚེ་དབང་། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་ཐུབ་བསྟན་སྙན་གྲགས། དྲུང་ཡིག་ཆོས་གྲགས་སོགས་གནའ་བོའི་བྲིས་གཟུགས་སྣ་མང་གི་རྒྱུན་བཞུགས་པ་རེད། བོད་ཀྱི་ཐུན་མིན་ཤུལ་བཞག་རིག་གནས་རྩ་ཆེན་གང་ཞིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བའི་ཕུགས་བསམ་རིང་མོས་ལོ་ངོ་འདི་དག་གི་རིང་རྫོགས་ཆེན་སྨྱུག་འཛིན་ཚོགས་པའི་དགེ་སློབ་ཡོངས་ཀྱིས་འབད་བརྩོན་རྒྱ་བསྐྱེད་གནང་བ་དང་ངེད་རྫོགས་ཆེན་སྨྱུག་ཚོགས་པའི་ཚོགས་མི་རེ་ཟུང་ལ་དེ་སྔོན་སྡེ་དགེ་རྫོང་རིག་གནས་ཅུས་ཀྱིས་བསྒྲུབས་པའི་སྡེ་བྲིས་ཡིག་གཟུགས་འགྲན་ཞུགས་ཁྲོད་བྲིས་གཟུགས་ཀྱི་ཨང་གཉིས་པ་དང་གསུམ་པ་བཅས་ཀྱི་གཟེངས་རྟགས་བྱ་དགའ་ཡང་ཐོབ་མྱོང་རྫོང་རིམ་པའི་སྡེ་བྲིས་མཐུན་ཚོགས་སུའང་ཞུགས་ཟིན། 

WechatIMG1586.jpeg

ཉིན་འགའི་སྔོན་མཁན་ཆེན་ཁྲི་བ་རིན་པོ་དབུ་བཞུགས་དང་ཆོས་གྲྭ་ཆེན་མོའི་སློབ་སྟོན་ཁང་གི་མཁན་པོ་དང་སློབ་དཔོན། སྨྱུག་འཛིན་ཚོགས་པའི་ཚོགས་གཙོ་དང་གདན་ཞུས་དགེ་རྒན་བཅས་ཀྱིས་རྫོགས་ཆེན་སྨྱུག་འཛིན་ཚོགས་པའི་ལོ་འཁོར་གཅིག་གི་བྲིས་གཟུགས་རྒྱུགས་སྤྲོད་ལ་དཔྱད་ཞིབ་མཛད་ཅིང་རྫོགས་བྲིས་ཀྱི་ཨང་རིམ་དང་ཕུལ་བྱུང་བྱ་དགའ།  དབུ་ཅན་གྱི་ཨང་རིམ། འབྲུ་ཚའི་ཨང་རིམ། ལཉྫ་ཨང་རིམ་སོགས་སོ་སོའི་ཡིག་གཟུགས་ལ་སྐར་གྲངས་ཕུལ། 















IMG_7270.JPG

DSC00496.JPG

ཡིག་གཟུགས་རྒྱུགས་འབྲས་ཕུལ་བྱུང་གི་མི་སྣ་རྣམས་ལ་རྫོགས་ཆེན་སྨྱུག་འཛིན་ཚོགས་པས་སྒྲུབ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་སྟོན་ཐོག་གཟེངས་རྟགས་ཀྱི་དཔང་ཡིག་དང་འབྱུང་འགྱུར་ཁ་བའི་ཆོས་རིག་འཛིན་སྐྱོང་ལ་རྟེན་འབྲེལ་འབོད་བསྐུལ་དང་བཅས་བྱ་དགའ་གནང་།

DSC00802.JPG

ལོ་འཁོར་རྗེས་མའང་སྔར་ལས་ལྷག་པའི་གྲུབ་འབྲས་ལ་ཡིད་ཆེས་དང་དགྱེས་འཛོམ་གྱི་བཀྲ་ཤིས་སྨོན་འདུན་དང་བཅས་ལེགས་པར་གྲུབ་པའོ།།

DSC00638 2.JPG

IMG_0924.JPG

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།