ཁྲོ་ལའི་གཟི་འོད་མུ་འབྲེལ་དཔེ་ཚོགས།
༄༅།། སྡེ་དགེ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྲོ་ལའི་གཟི་འོད་མུ་འབྲེལ་དཔེ་ཚོགས།
ཉེ་ཆར། སྨན་སྒང་མདའ་སྨྱོན་གྱིས་གཙོ་སྒྲིག་བྱས་པའི་སྡེ་དགེ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྲོ་ལའི་གཟི་འོད་མུ་འབྲེལ་དཔེ་ཚོགས་ལས། ལོ་རྒྱུས་ཁྲོ་ལའི་གཟི་འོད། སྙན་ཚིག་ཁྲོ་ལའི་མགུལ་རྒྱན། རང་མོས་ཁྲོ་ལའི་རང་མདངས་བཅས་རྩོམ་རིག་སྐོར་གྱི་དེབ་གསུམ་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
ལོ་རྒྱུས་ཁྲོ་ལའི་གཟི་འོད།
དེབ་འདི་ནི་ཡུལ་དངོས་བརྟག་དཔྱད་དང་ལོ་རྒྱུས་ཀྱི་རྒྱུ་ཆ་གང་མང་ལ་ཁུངས་བཅོལ་དེ་སྡེ་དགེའི་ཡུལ་གྱི་གནའ་མཁར་མཁར་དང་ཕོ་བྲང་། དགོན་སྡེ་དང་དམངས་སྤྱི་རྣམས་ཀྱི་ཁྱད་དུ་འཕགས་པའི་སྔོན་བྱུང་གི་ལོ་རྒྱུས་དང་། མཛེས་ཉམས་དོད་པའི་ད་ཡོད་ཀྱི་གནས་སྟངས་སོགས་ངོ་མཚར་སྙན་འགྱུར་འབུམ་གྱི་ཀློང་དུ་བཞེངས་ཡོད་པས། དེབ་འདི་ལས་ང་ཚོས་སྡེ་དགེའི་ཡུལ་གྱི་འདས་སོང་གི་ལོ་རྒྱུས་དང་མ་འོངས་པའི་གོམ་ཁ་དཔོག་ཐུབ་ལ། ད་ཡོད་ཀྱི་འཚོ་བའི་ཁད་བབས་ཀྱང་རྟོགས་ཐུབ་བོ།།
སྙན་ཚིག་ཁྲོ་ལའི་མགུལ་རྒྱན།
མཚོ་བྱུང་ལྷ་མོའི་པང་ནས་ནར་སོན་ཅིང་དྲུག་འགྱུར་པི་ཝང་རྒྱུད་ལས་གཉིད་སད་པའི་ན་གཞོན་སྐོར་ཞིག་གིས། སྙིང་ཆུང་དམར་པོའི་གསེང་ནས་ཁྲག་གི་འཕར་ལྡིང་དང་འགྲོགས། རང་བྱུང་འབྱུང་བཞིའི་ལས་དབང་དང་འཇིག་རྟེན་འགྲོ་བའི་གཤིས་ཀྱི་ཁ་ཕྱོགས་སོགས་ལ་བརྟེན། གནའ་བོའི་སྙན་ངག་གོམ་འགྲོས་ཀྱི་གྲ་མ་ཞིག་གྲུ་མ་ཉམས་པར་རང་བློའི་རྣམ་དཔྱོད་འཇོལ་མོའི་སྒལ་པར་རྩེན་བཞིན་དུ་སྙན་མོ་དྲུག་འགྱུར་དབྱངས་སུ་གྱེར་བའི་བཅད་མའི་དེབ་ཀྱི་ཕུང་པོ་འདི་ཉིད་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད།
རང་མོས་ཁྲོ་ལའི་རང་མདངས།
རང་བློ་རང་ལ་དག་ཅིང་རང་སེམས་རང་ལ་ཆེས་པའི་རྩོམ་རིག་གསར་མའི་ལས་ལ་སྤྲོ་སྣང་ལྡན་པའི་གཞོན་སྐྱེས་རྩོམ་པ་པོ་ཁག་ཅིག་གིས། རྩོམ་ཀྱི་ཁ་ཕྱོགས་རང་ཉིད་མོས་པའི་ལམ་ཕྱོགས་ལ་བསྐྱོད་དེ། རྩོམ་གྱི་ཚིག་ཕྲེང་ལ་ཚད་བཀག་དང་ཆ་རྐྱེན་དམིགས་བསལ་བ་མེད་ཐོག་ཏུ། སྙན་ཚིག་གི་དྲི་བསུང་འཐུལ་ཞིང་རྗོད་བྱེད་མཛེས་མདངས་དབང་བོའི་གཞུ་རིས་ལྟར་རྣམ་པར་བཀྲ་བའི་རྩོམ་ཚོགས་འདི་ཕུལ་ཡོད་དོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།