༈ བྱུང་རབས་ལོ་རྒྱུས་ལ་ཕྱིར་མིག་འཕངས་པ།
༡༩༩༥ རབ་བྱུང་། ༡༧ ཤིང་ཕག་གི་ལོ་ལ་བབས་ཏེ། སྐྱབས་གཅིག་འཁོར་ལོའི་མགོན་པོ་ ༸ ཡབ་རྗེ་འཇམ་དབྱངས་བླ་མ་མཆོག་དགུང་གྲངས་དྲུག་ཅུ་རྩ་བདུན་པར་འཁོར་སློབ་དྲུག་ཅུ་ལྷག་དང་བཅས་མ་དགོན་རྫོགས་ཆེན་དུ་ཕེབས་ཤིང་། ཁྱབ་བདག་ ༸ པདྨ་སྐལ་བཟང་མཆོག་དང་མཁན་སྤྲུལ་ཨོ་རྒྱན་རིག་འཛིན་དབུས་གྲུབ་དབང་རྫོགས་ཆེན་པའི་དགེ་འདུན་འདུས་པ་རྒྱ་མཚོ་དང་གསེར་ཞལ་མཉམ་འཛོམས་ཀྱི་སྐབས་སུ། ཁོང་གིས་ཁྱབ་བདག་པདྨ་སྐལ་བཟང་མཆོག་ལ་བསྐུལ་བ་བཞིན་རྫོགས་བྲིས་ཀྱི་མ་དཔེ་བླངས་ཏེ་རང་དགོན་དུ་དར་ཞིང་རྒྱས་པར་མཛད།
ལར་རྨེ་བ་དགོན་པར་མཚོན་ནའང་གནའ་བྲིས་ཀྱི་རྒྱུན་གང་མང་ཞིག་མཆིས་ཤིང་ཁོང་རིན་པོ་ཆེར་ཡང་འབྲི་ཚུགས་ཤིན་ཏུ་ལེགས་པོ་ཞིག་མཆིས་མོད། རྗེ་བླ་མ་རིན་པོ་ཆེས་རྫོགས་བྲིས་ཁོ་ན་འདི་གཙུག་ཆེན་གནང་སྟེ། ཁོང་གི་ཞལ་ནས། ཁྱེད་ཚོས་རྫོགས་བྲིས་ཕུལ་དུ་བྱུང་བ་ཞིག་འབྲི་ཐུབ་ན་བྱ་དགའ་ལ་རྟ་ཞིག་སྟེར་ཞེས་གསུངས་པ་ལྟར། ལོ་རབས་དགུ་བཅུའི་ནང་དུ་ཕྱོགས་འདི་གར་རྫོགས་བྲིས་མཁས་པ་འགའ་རེ་བྱུང་ངོ་། །
༢༠༡༡ རབ་བྱུང་། ༡༧ ལྕགས་ཡོས། རྗེ་བླ་མ་དགུང་གྲངས་བརྒྱད་ཅུ་རྩ་གསུམ་པར་ཡབ་རྗེ་གོང་མའི་བཀའ་ལུང་ལྟར་བཤད་གྲྭ་ལོགས་སུ་བསྐྱར་འཛུགས་གནང་སྐབས། བློ་གསར་བཙུན་ཆུང་གཞོན་ནུའི་ཚོགས་ལ་རྫོགས་བྲིས་ཀྱི་རྒྱུན་སྤེལ་ཕྱིར་གྲྭ་བཙུན་ཡོན་ཏན་ལྡན་པ་རྣམས་ཀྱི་ཁྲོད་ནས་བསྟན་པའི་རྒྱུན་མཐའ་ལ་ཕན་ཕྱིར་ཕྱག་མོ་ལུང་བསྟན་བབས་པ་ལྟར། བསླབ་གསུམ་ཡོན་ཏན་གྱིས་ཕྱུག་པའི་མཁན་དྲི་མེད་སྣང་བྱེད་མཆོག་རྫོགས་བྲིས་རྒྱུན་སྤེལ་དགེ་རྒན་ལ་ཆེད་བསྐོས་གནང་བ་ལྟར། ཁོང་གིས་ཀྱང་སྐུ་ཚེགས་འོ་བརྒྱལ་ལ་མ་འཛེམས་པར་མི་ལོ་བཅུ་ཕྲག་ལྷག་ལ་སློབ་བུ་མང་དུ་བསྐྱངས། ཁྱད་པར་ལོ་འདི་གའི་སྔ་ལོར་ཁྱབ་བདག་རིན་པོ་ཆེ་མཆོག་གི་དགུང་གྲངས་བརྒྱད་ཅུ་བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་ཡོ་ལངས་ལ། རང་དགོན་པའི་བསྟན་པའི་བདག་པོ་སྐྱབས་མགོན་མདོ་རིན་པོ་ཆེ་མཆོག་དང་མཁན་ཆེན་བློ་གྲོས་རྒྱལ་མཚན་གཙོས་མཁན་སྤྲུལ་བླ་མ་མང་པོ་ཕེབས་སྐབས་སུའང་ཁོང་རིན་པོ་ཆེ་ལ་དེ་ལུགས་ཞུས་པ་ནང་བཞིན། ཁོང་གིས་ཀྱང་དགྱེས་བརྩེའི་བཀའ་གནང་དང་ཐུགས་སྨོན་གཏད་རྒྱའི་ཚུལ་དུ་ཕྱག་བྲིས་བསྟར་མ་དངོས་སུ་བསྩལ།
དེ་ནི་དགོན་མ་ལག་གཉིས་ཀྱི་མཛའ་འབྲེལ་ལ་བརྒྱུས་པའི་རྟེན་འབྱུང་གསེར་གྱི་སྐུད་པ་ཕྱིར་དྲན་གྱི་རི་མོ་བཀོད་པ་ལགས་སོ། །
ཁྱབ་བདག་པ་སྐུ་དངོས་ཀྱིས་མཁན་དྲི་མེད་སྣང་བྱེད་ལ་གནང་བའི་ཕྱག་བྲིས་བསྟར་མ།
༡༩༩༥ ཡས་མས་ལ་ཁོང་གིས་རྨེ་བ་དགོན་པར་གནང་བའི་རྫོགས་བྲིས་མ་དཔེ།
ཨང་དང་པོ་ཐོབ་མཁན་བཅུའི་ཡིག་གཟུགས།
རྒྱལ་ཁའི་ཡིག་ཚང་ཅན། ༡༠༠
དགེ་རྒན་དྲི་མེད་སྣང་བྱེད་ཀྱི་ཕྱག་བྲིས།
༈ འབྱུང་འགྱུར་རེ་འབྲས་ལ་ཤིས་པར་བརྗོད་པ།
རང་ཤོང་སྤྱིལ་བུའི་གནས་སུ་བག་ལྷོད་དུ་བཞུགས་ཤིང་། ལྡེམ་མྱུར་སོར་རྩེའི་འདུ་བྱེད་ངོ་མཚར་ཡི་གེའི་གཟུགས་རིས་ལ་གར་དུ་བསྒྱུར་བའི་གྲྭ་བཙུན་ཡོན་ཏན་པའི་སྡེ་དག་ལ་རྗེས་སུ་ཡི་རངས་དང་། མ་འོངས་འབྱུང་འགྱུར་གྱི་ལམ་ཁ་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་སྐྱོང་བའི་བཀྲ་ཤིས་སྨོན་འདུན་དང་། ལོ་རྗེས་མར་ཡང་མུ་མཐུད་དུ་རིག་གནས་ཡོན་ཏན་ལ་བརྩི་མཐོང་གི་བགྱི་བ་ཡུན་དུ་གནས་པའི་སྨོན་ལམ་འདེབས་སོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།