༈ རྫོགས་ཆེན་མཁན་པོ་ཀུན་བཟང་ཉི་མའི་གསུང་རྩོམ་པོད་གཉིས་དཔར་དུ་སྐྲུན་པར་རྟེན་འབྲེལ་ཞུ།

WechatIMG7427.jpg

བསྟན་བཅོས་དབུ་མ་འཇུག་པའི་རྣམ་བཤད་མི་ཕམ་དགོངས་རྒྱན་ཞེས་པའི་དེབ་གསར་གྱི་ངོས་སྦྱོར།  

འདི་ནི་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་གིས་ཆེད་བསྐུལ་ལྟར་ངོས་རང་གིས་ལོ་གཉིས་ལྷག་གི་དུས་ཚོད་བེད་སྤྱོད་ནས་བརྩོན་པ་ཆེན་པོས་བྲིས་པ་ཞིག་ཡིན།

འཇུག་འགྲེལ་འདིས་བསྟན་བཅོས་དབུ་མ་འཇུག་པའི་དགོངས་དོན་འཇམ་མགོན་མི་ཕམ་པས་ཇི་ལྟར་བཀྲལ་བའི་དོན་ཞིབ་རྒྱས་སུ་བཤད་པ་ལས།   གཞན་པའི་དགག་བཞག་སོགས་ཀྱི་སྤྲོས་བཤད་མ་བྱས་པས་འཇམ་མགོན་བླ་མས་འཇུག་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་ཇི་བཞིན་རྟོགས་ཐུབ་པ།  

འཇམ་མགོན་མི་ཕམ་པའི་དགོངས་པ་ལེན་ཚུལ་ལ་རང་ལུགས་ཀྱི་མཁས་པ་རྣམས་ལ་བཤད་ཚུལ་མང་ནའང་རང་གི་གོ་ཕྱོགས་ལ་མི་ཕམ་རང་གི་གཞུང་ཐམས་ཅད་གོང་བསྒྲིགས་དེ་ཀུན་མཁྱེན་ཆེན་པོ་སོགས་ཀྱི་གཞུང་སྒྲུབ་བྱེད་བཀོད་ནས་གསལ་པོར་བཤད་པ།

ཚིག་གི་འགྲེལ་ཚུལ་འགའ་ཞིག་རང་གཞུང་ལ་གསལ་ཁ་མེད་པ་རྣམས་རང་འགྲེལ་དང་འགྲེལ་ཆེན་གསུམ་ཚིག་གསལ་སོགས་ལ་གཏུགས་ནས་གསལ་པོར་བྱས་པ།

ཐུན་མིན་གྱི་འདོད་པ་ཁ་ཤས་མདོ་དང་བསྟན་བཅོས་ཀྱི་རྒྱབ་རྟེན་དགོས་རིགས་ཀུན་ལ་སྒྲུབ་བྱེད་མཐུས་ཚང་བྱས་ནས་བཀོད་པ།

དེ་སྔོན་འཇམ་མགོན་མི་ཕམ་པའི་གཞུང་རྣམས་སུ་དབུ་མའི་དོན་མང་ནའང་འཇུག་པ་དངོས་ལ་འགྲེལ་བ་མེད་པས་ཅུང་ཟད་འཚོལ་ཞིབ་དཀའ་ནའང་ད་རེས་འདི་ནས་འཇུག་པ་དང་འབྲེལ་ཡོད་མདོ་བསྔགས་ཀྱི་གཞུང་ཐམས་ཅད་ཞིབ་ལྟ་བྱས་ནས་ཚིག་ཉུང་དོན་འདུས་སུ་བཀོད་ཡོད་པ་བཅས་ལགས་སོ།།

WechatIMG2015.jpg

༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་མ་ཕམ་ཞལ་ལུང་གི་དཀའ་བའི་གནད་ཁ་ཤས་ལ་ཅུང་ཟད་དཔྱད་པ་སྦས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བའི་དེབ་ཀྱི་ངོས་སྦྱོར།

གཞུང་འདིས་བོད་པ་སྤྲུལ་སྐུས་མཛད་པའི་རྣམ་བཤད་མ་ཕམ་ཞལ་ལུང་གི་དམིགས་བསལ་གསུང་ཟིན་རྣམས་རང་གིས་གོ་བ་ལེན་ཚུལ་དང་མདོ་དང་འཕགས་སེང་གཞུང་སོགས་ཚད་ལྡན་གྱི་ཁུངས་དང་སྦྱར་ནས་འགྲེལ་ཚུལ་གཞན་དང་མི་འདྲ་བར།  དྲི་བ་དང་དྲིས་ལན་གྱི་ཚུལ་དུ་བཤད་ཅིང་།   ཐུན་མིན་འདོད་པ་མང་པོ་ཞིག་རྒྱ་གཞུང་ཁུངས་ཐུབ་ཀྱི་དགོངས་པ་དང་བསྒྲིགས་ཅིང་།   གཞུང་རྩ་བའི་དངོས་ཤུགས་ཀྱི་བཤད་པ་རྣམས་གནད་བསླངས་ནས་བཀྲོལ་བ།   དམིགས་བསལ་གྱི་འདོད་པ་འགའ་ཞིག་གཞུང་རྩ་བའི་གོང་འོག་སྦྱར་ནས་བཤད་དགོས་པ་ཀུན་དེ་ལྟར་ཆ་ཚང་བཤད་ཡོད་པ་བཅས་ལགས་སོ།།


རྩོམ་པ་པོས།

WechatIMG2013.jpg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།