རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཡོན་ཏན་རྗེས་སུ་བརྗོད་པ་གྲུབ་རིགས་རྒྱ་མཚོའི་བསྟོད་དབྱངས་སྤྲིན་གྱི་རོལ་མོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།
གདོད་ནས་ལྷུན་རྫོགས་དོན་གྱི་འོག་མིན་གནས། །
དག་པ་ཀུན་བཟང་དགོངས་ཀློང་མངོན་བྱང་ཆུབ། །
རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བདག །
ཕན་བདེའི་དངོས་ཀུན་སྩོལ་དེར་གུས་ཕྱག་བགྱི། །
འགྱུར་མེད་རྟག་པའི་མཁའ་ལས་གཡོ་མེད་པར། །
གཉིས་མེད་འོད་གསལ་ཟླ་ཤེལ་དྭངས་མའི་ཁམས། །
ཚད་མེད་ཐུགས་རྗེའི་རླུང་གིས་ཉེར་བསྐུལ་བས། །
གྲངས་མེད་འགྲོ་ངོའི་ཆུ་སྣོད་ཅིག་ཆར་འཇུག །
ཚོགས་གཉིས་རྡུལ་མང་བཀྲམ་པའི་ཞིང་ས་རུ། །
རིག་པའི་དཔལ་བསྟིམ་ཐུགས་རྗེའི་བརླན་གྱིས་སྐྱོང་། །
ཕུན་ཚོགས་གཟིགས་པ་ལྔ་ཡི་རྗེས་འགྲོ་བའི། །
གནས་བཟང་རྒྱུད་མཐོ་རིགས་ཀྱི་མྱུ་གུར་བཞད། །
སྔོན་གནས་དྲན་དང་དད་པའི་དབང་པོ་གསལ། །
ཐེག་མཆོག་རིགས་ཀྱི་ཁྱད་པར་སྙིང་རྗེས་སད། །
ཐུན་མོང་ཤེས་བྱ་སྔགས་ཆོག་སྒྲུབ་ཐབས་སོགས། །
བློ་དང་བརྩོན་བརྟན་སྟོབས་ཀྱིས་དབང་དུ་བྱས། །
པད་འབྱུང་བི་མ་དངོས་སྣང་བསྟན་འཛིན་བཟང་། །
འགྲོ་འདུལ་གཏེར་གྱི་འཁོར་སྒྱུར་ཉི་མ་གྲགས། །
ཐེག་མཆོག་བསྟན་པའི་རྒྱལ་མཚན་རིགས་བདག་བསྟེན། །
སྡོམ་པ་གསུམ་ནོས་ཐེག་གསུམ་ཆོས་ཀྱིས་སྐྱོང་། །
ཁྱད་པར་ཉེ་ལམ་རྡོ་རྗེ་ཐེག་པ་ཡི། །
རྒྱུད་སྡེ་བཞི་དྲུག་སྨིན་གྲོལ་བཀའ་ལུང་ཕོག །
མྱུར་ལམ་འོད་གསལ་སྙིང་པོའི་གདམས་ཟབ་ཀྱི། །
མན་ངག་བདུད་རྩིའི་བཅུད་མཆོག་ངོམས་པར་གསོལ། །
ཚུལ་གནས་ཐོས་དང་བསམ་པའི་སྦྱོར་བ་ཡིས། །
ཞི་དུལ་སྲིད་པའི་དཔལ་ལ་ཡིད་སུན་ནས། །
དབེན་པའི་གནས་སུ་སྒོམ་སྒྲུབ་ཉམས་ལེན་གྱིས
ཉོན་མོངས་རང་འདོད་བྲལ་བའི་མཚན་བཟང་བརྙེས། །
གཉིས་མེད་བདེ་སྟོང་ཞུ་བདེའི་མེ་ཆེན་གྱིས། །
གཉིས་འཛིན་འཁྲུལ་པའི་དྲ་བ་གཞིལ་བ་དང་། །
གཉིས་ཆོས་རེ་དོགས་སྤང་བླང་ཡེ་ཟད་པ། །
གཉིས་དོན་གྲུབ་པའི་བྱ་བཏང་རྣལ་འབྱོར་བཟང་། །
སྣང་སྲིད་དག་མཉམ་གཞི་ཡི་དཀྱིལ་འཁོར་ཤེས། །
ཐབས་གྲོལ་བསྙེན་བསྒྲུབ་རྣམ་བཞིའི་འཇུག་པ་གསལ། །
རྡོ་རྗེ་བཞི་ཡི་ཕྱག་རྒྱའི་སྐུར་སྨིན་པ། །
ཟག་མེད་འབྲས་རྫོགས་རི༵ག་འཛི༵ན་ཆེ༵ན་པོ༵ར་གྲགས། །
འགྱུར་བཅས་རླུང་གིས་སྦྱོར་བའི་གཡོ་བ་འབུམ། །
འཕོ་མེད་སྙིང་པོའི་སྲོག་ཏུ་ཉེར་བརྟུན་པས། །
དབྱིངས་རིག་འབྲེལ་བའི་དགའ་ཆེན་རྒྱ་མཚོ་ཆེར། །
འཇུག་པའི་དབ༵ང་ཆེ༵ན་བཞ༵ད་པ༵འི་རྩ༵ལ་འཆང་བ། །
ཡེ་གྲོལ་ཀ་དག་གདོད་མའི་རྒྱལ་ས་ཆེར། །
ལྷུན་གྲུབ་དག་པའི་འབྱོར་པ་འབྱམས་སུ་ཀླས། །
རང་རིག་གཞོན་ནུ་བུམ་སྐུས་དབང་བསྒྱུར་བའི། །
ཆོ༵ས་དབྱི༵ངས་དྲི༵་མེ༵ད་ཡེ་ཤེས་ལུས་ཅན་རྗེ། །
བྱིན་རླབས་ཀུན་འབྱུང་བླ་མའི་སྒྲུབ་པ་གཙོ། །
མན་ངག་གདམས་མཆོག་རྫོགས་པ་ཆེན་པོའི་མཛོད། །
འགྲོ་འདུལ་ཕྲིན་ལས་ཐུགས་རྗེའི་སྟོབས་མྱུར་བའི། །
ཟབ་གཏེར་མངའ་བདག་འགྲོ་འདུལ་ལ༵ས་ར༵བ་གླི༵ང་། །
བདེ་སྟོང་ཉམས་བརྒྱས་སྒེག་པའི་ལང་ཚོ་རྫོགས། །
ཟབ་གསང་རྟོགས་པའི་དོ་ཧའི་རྒྱང་གླུ་སྙན། །
སྣ་ཚོགས་དག་པའི་རོལ་རྩལ་ཅིར་ཡང་བསྒྱུར། །
བརྟུལ་ཞུགས་གྲུབ་པའི་རི༵ག་རྩ༵ལ་ཐོ༵གས་མེ༵ད་གླི༵ང་། །
རབ་འབར་ཡེ་ཤེས་རྡོ་རྗེའི་མེ་ཆར་གྱིས། །
ངར་འཛིན་རུ་ཏྲའི་དྲ་བ་སྲེག་དང་ལྷན། །
མཐུ་ཆེན་བདུད་སྡེའི་དཔུང་ཚོགས་རྡུལ་དུ་བྱས། །
གཏུམ་དྲག་ཁྲག་འཐུང་དཔ༵འ་བོ༵་ལ༵ས་ར༵བ་རྩ༵ལ། །
བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་རྣམ་པར་རོལ། །
ལྷ་ཚོགས་ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་ཆེ། །
མཁའ་སྤྱོད་ཌཱཀྐི་འབུམ་གྱི་ཚོགས་རྗེ་སྟེ། །
བཀའ་སྡོད་དྲེགས་པ་དབང་སྡུད་ཟིལ་གནོན་ཆེ།
གྲུབ་གཉིས་ཡིད་བཞིན་སྤྲིན་གྱི་གྲུ་ཆར་གྱིས། །
བརྒྱད་གཉིས་འཇིགས་པའི་གདུང་བ་ཞི་བ་དང་། །
ཚེ་བསོད་ཡེ་ཤེས་ཡོན་ཏན་ལོ་འདབ་རྒྱས། །
སྣང་སྲིད་དབང་བྱེད་དངོས་གྲུབ་རྒྱ་མཚོའི་གཏེར། །
མཐུ་ཆེན་བདུད་དང་བགེགས་ཀྱི་གཤེད་གྱུར་པ། །
འབྱུང་པོ་ཁ་ཆིངས་རྒྱལ་འགོང་ཨར་ལ་གཏད། །
མ་རུངས་མཐར་བྱེད་མངོན་སྤྱོད་ལས་མཐའ་རྫོགས། །
མཐུ་མཁན་རྡོ༵་རྗེ༵་ཐེ༵བ་གཤོ༵ག་ཚར་གཅོད་བདག །
སྨིན་བྱེད་དབང་བཞིའི་བདུད་རྩི་གྲུ་ཆར་རླན། །
སྒོ་གསུམ་རྡོ་རྗེར་སྨིན་པའི་བཅུད་དུ་སྩོལ། །
གསང་ཆེན་བསྟན་པའི་མྱུར་གྲོལ་གདམས་ཟབ་ཀྱིས། །
སྐལ་ལྡན་རྗེས་འཛིན་རྡོ་རྗེ་སློབ་དཔོན་མཆོག།
མཆོག་དང་བར་མ་དམན་པའི་འགྲོ་བ་ལ། །
བྱིན་རླབས་ནུས་པས་ནད་གདོན་འཆིང་གྲོལ་བ། །
ཕྱི་ནང་གསང་བའི་ཉེར་འཚེ་ཀུན་ཞི་སོགས། །
གང་འདུལ་བསྡུ་དངོས་བཞི་ཡི་ཕྲིན་ལས་བདག །
སྒྲིབ་མེད་གཟིགས་པ་དག་ཅིང་བྱིན་ཆེ་ཞིང་། །
རྫུ་འཕྲུལ་སྤྲུལ་པའི་བཀོད་པ་བསམ་ཡས་པས། །
ས་སྐྱོང་མི་ཡི་དབང་པོའི་གཙུག་གིས་བཀུར། །
ལྷ་ཀླུ་འབྱུང་པོ་མི་མིན་བྲན་དུ་ཁོལ། །
སྐྱེ་དགུ་བསོད་ནམས་ཞིང་དུ་ལེགས་བཀོད་པའི། །
མཆོག་གསུམ་རྒྱལ་བའི་དཀྱིལ་འཁོར་མཐའ་ཀླས་པ། །
ཁྱད་པར་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་གླིང་། །
མདོ་སྔགས་ཆོས་ཚུལ་རྒྱས་པའི་དགའ་ཚལ་བསྐྲུན། །
མཚན་ལྡན་མགོན་བསྙེན་རིམ་གཉིས་ལམ་བཟང་གིས། །
གྲུབ་པ་མཆོག་བརྙེས་གཏད་རྒྱའི་སྒོ་འཕར་འབྱེད། །
རྣམ་བཞིའི་ཕྲིན་ལས་སྤྲིན་གྱི་རོལ་མོ་ཡིས། །
ཕན་བདེའི་དབྱར་གྱི་ལང་ཚོ་བསུ་ཞེས་གྲགས། །
དེ་ལྟར་གསང་གསུམ་ཡོན་ཏན་རྒྱ་མཚོའི་སྤྲིན། །
ཡིད་དགེ་དག་པས་ལེགས་པར་དྲན་པའི་དགེས། །
གྲུབ་བརྙེས་རིག་འཛིན་བརྒྱུད་པའི་བྱིན་མཐུ་ཡིས། །
གྲུབ་བརྫུན་འཆོལ་སྤྱོད་མིང་ཙམ་མཐར་བྱས་ཤོག །
སྐྱབས་གསུམ་རྩ་གསུམ་རིག་འཛིན་གྲུབ་པའི་ཚོགས། །
མཁྱེན་བརྩེའི་འཇུག་པ་འོད་དཀར་མུ་མེད་པས། །
སྲིད་ཞིའི་དགེ་ལེགས་སྣང་བའི་མཚན་མ་ཡིས། །
ཡོངས་སུ་ཁྱབ་པའི་བཀྲ་ཤིས་རྟག་འཕེལ་ཤོག །
ཅེས་པ་འདི་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ཆོས་གྲྭ་ཆེན་མོའི་དགེ་ཟུར་ཆོས་ཀྱི་མཆེད་པོ་ཐུབ་བསྟན་ཆོས་གྲགས་ཀྱིས་ཡུན་དུ་ནན་མོས་བསྐུལ་བའི་རྐྱེན་གྱིས་སྙོམས་ལས་པ་ལི་ཐང་ཨ་ཆོས་ཀྱིས་རབ་གནས་ས་ཕག་ཧོར་ཟླ་བཅུ་པའི་ཚེས་བཅུ་ཉིན་བྲིས་པ་དགེ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།