སྤྲུལ་བའི་གཏེར་ཆེན་ཆེ་ཡོལ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ལ་བསྟོད་པ་ངོ་མཚར་སྤྲིན་གྱི་རོལ་མོ།

WechatIMG62.jpeg

༅༅། །བོད་གངས་ཅན་པའི་རིག་སྔགས་འཆང་བ་ཡོངས་ཀྱི་སྤྱི་རྗེ་༧སྤྲུལ་བའི་གཏེར་ཆེན་ཆེ་ཡོལ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ལ་བསྟོད་པ་ངོ་མཚར་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །

གང་ཞིག་དྲན་པའི་མོད་ལ་བདུད་སྡེའི་དཔུང་། །ཀུན་ཏུ་ཕམ་མཛད་མཚུངས་མེད་རིགས་བརྒྱའི་བདག །མཐའ་ཡས་དཀྱིལ་འཁོར་རྒྱ་མཚོ་འཕྲོ་བའི་གཞི། །མཚོ་སྐྱེས་པད་མ་ཀཱ་རར་ཕྱག་བགྱིའོ། །༡༽གང་དེའི་ཐུགས་བསྐྱེད་ཉིན་མོར་བྱེད་པའི་འོད། །གངས་ལྡན་འཛིན་མའི་ལྗོངས་སུ་འཕྲོས་པ་ཡིས། །རྣམ་པར་བསྐྱངས་པའི་རྗེ་འབངས་གྲུབ་པའི་དབང་། །ཨུཏྤལ་ཉེར་ལྔ་འཛུམ་པའི་བྱེ་བྲག་ཅིག  །༢༽ཡེ་ཤེས་གནམ་ལྕགས་འབར་བའི་ཞུན་ཐིགས་ཀྱིས། །བདུད་སྡེའི་བྲག་རི་གཏོར་བའི་མཐུ་གྲུབ་པ། །ལང་གྲོ་ལོ་ཙཱའི་སྒྱུ་འཕྲུལ་རོལ་མོ་ཡིས། །སྙིགས་ལྔའི་མུན་ཆེན་གཞོམ་པའི་རྣམ་ཐར་གླེང་། །༣༽འཇིགས་རུང་བདུད་བཞིའི་གཡུལ་རྒྱལ་དཔའ༵་བོ༵་ཆེ། །དོན་གྲུབ་ལས༵་ཀྱི་རིགས་མཆོག་རབ༵་འབྱམས་ལྷས། །རྗེས་བཟུང་ཕྲིན་ལས་རྩལ༵་ཆེན་རབ་རྫོགས་པའི། །སྟོབས་ནུས་མཚུངས་པ་མེད་པའི་སྡེ་དེར་གུས། །༤༽རིག༵་རྩལ༵་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །རང་གདངས་ཕྲིན་ལས་རྣམ་བཞིའི་ཤེ་མོང་གིས། །ཐོགས༵་མེད༵་མཐའ་ཡས་འགྲོ་བའི་དོན་བྱེད་པའི། །དཔག་ཡས་ཡོན་ཏན་གླིང༵་དུ་གྱུར་པ་རྨད། །༥༽སྐྱེ་དང་སྐྱེ་བར་གོམས་པའི་རིམ་གཉིས་ལམ། །གྲུབ་པའི་དགེ་མཚན་སོ་མའི་འཇོ་སྒེག་གིས། །མཐའ་ཡས་སྐྱེ་རྒུའི་མོས་སྣང་དབང་མེད་དུ། །འགུགས་པའི་ངོ་མཚར་གཏམ་གྱི་རྫ་རྔ་བརྡུང་། །༦༽གང་མཆོག་ཀེ་ལ་ཤ་ཡིས་སྐོར་བའི་ལྗོངས། །སྡེ་བཞི་དགེ་བཅུའི་ལང་ཚོ་མ་རྙིང་བའི། །བྱང་ཕྱོགས་རྫ་ཆབ་འབབ་པའི་ཡུལ་གྱི་ཆར། །མཚན་དཔེའི་གེ་སར་སྐྱེ་རྒུའི་དཔྱིད་དུ་བཞད། །༧༽བགྲང་བྱའི་འཁོར་ལོ་འདོད་ཡོན་གྲངས་སོན་ཚེ། །འབྲི་ཀློག་རིག་པའི་གནས་ཀུན་ཐོགས་མེད་ཏུ། །གཟིགས་པའི་མཁྱེན་རབ་ཟླ་བའི་འཁྲི་ཤིང་གིས། །ཉེ་བའི་འཁོར་གྱི་ཀུ་མུད་དགའ་བར་བྱས། །༨༽ལང་ཚོའི་སྨྱུ་གུ་ཤིན་ཏུ་ཕྲ་བའི་དུས། །གཏེར་ཆེན་རཏྣ་གླིང་བའི་མཛད་པ་ཀུན། །མ་འདྲེས་གསལ་བར་གཟིགས་པའི་རྗེས་དྲན་གྱི། །གསུང་གི་གླིང་བུས་ས་ཆེན་ཡོངས་སུ་སྦྲུམ། །༩༽རྩ་རླུང་སྦྱོང་དང་དབང་སྐུར་ཆོས་འཆད་དང་། །བདུད་བགེགས་འདུལ་སོགས་རྣམ་བཞིའི་ཕྲིན་ལས་ཀྱི། །མཛད་པ་ཕུལ་དུ་བྱུང་བའི་བསུང་ཞིམ་ནི། །ས་མཆོག་ལྗོན་བཟང་གཤིས་སུ་ལྷན་སྐྱེས་གྲུབ། །༡༠༽རྡོ་རྗེ་འཛིན་པ་བསྟན་པའི་རྒྱལ་མཚན་དང་། །གྲུབ་དབང་ངེས་དོན་བསྟན་འཛིན་བཟང་པོ་སོགས། །དམ་པ་དུ་མའི་ཞབས་པད་ཉེར་བསྟེན་ནས། །བཀའ་གཏེར་དག་སྣང་ཆོས་ཀྱི་རྒྱུན་བཟང་བཞེས། །༡༡༽འོག་མིན་པད་མ་དྲྭ་བའི་ཚོགས་ཁང་དུ། །རྒྱལ་ཀུན་འདུས་ཞལ་པད་མ་ཐོད་ཕྲེང་གིས། །རྗེ་འབངས་རིག་འཛིན་འདུས་པའི་ཚོགས་དབུས་སུ། །དབང་བཞིས་རྒྱུད་སྨིན་གདམས་པ་ཡོངས་སུ་གཏད། ། ༡༢༽ནམ་མཁར་འཇའ་སྤྲིན་གཡོ་བའི་ལྡིང་ཁང་ནས། །རིག་འཛིན་གྲུབ་བརྙེས་རྣམ་ལྔས་ཞལ་གཟིགས་ཤིང་། །སྡེ་གསུམ་ཀློང་དགུའི་ཟབ་གནད་སྩལ་དང་ལྷན། །རྙེད་པར་དཀའ་བའི་རྟེན་མཆོག་དངོས་སུ་གནང་། །༡༣༽ཀ་དག་སྟོང་ཆེན་དབྱིངས་ཀྱི་ཡུམ་ཆེན་མོ། །རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཡོངས་ཤར་བ། །བདེ་ཆེན་ནོར་བུའི་གཏེར་ལྡན་མཚོ་རྒྱལ་རྗེས། །ཞལ་གཟིགས་ལུང་བསྟན་གཏེར་གྱི་ཁ་བྱང་གནང་། །༡༤༽རྩ་གསུམ་སྒྲུབ་འཕྲིན་རིམ་གཉིས་ཟབ་ཁྲིད་དང་། །གསང་གསུམ་རྟེན་དང་འདོད་འབྱུང་ནོར་བུ་སོགས། །སྲིད་ན་དཀོན་པའི་ཆོས་ནོར་གཏེར་གྱི་རྗས། །གངས་ལྗོངས་རྒུད་མུན་གཞོམ་པའི་གཉེན་དུ་དྲངས། །༡༥༽ཚེ་རབས་དུ་མར་འབྲེལ་བའི་ལྷག་པའི་ལྷ། །ཁྲག་འཐུང་རྡོ་རྗེ་ཕུར་བའི་སྒྲུབ་ཆེན་སྐབས། །སྒྲུབ་རྟེན་ཕུར་བུ་འཕུར་དང་མེ་ཆེན་འབར། །གྲུབ་པའི་རྟགས་མཚན་ཀུན་གྱི་དགའ་སྟོན་གྱུར། །༡༦༽མི་ཤིགས་རྡོ་རྗེའི་ཏིང་འཛིན་ཞགས་པ་ཡིས། །འཇིག་རྟེན་དྲེགས་པའི་སྡེ་ཚོགས་དབང་བསྡུས་ཏེ། །དམ་ཚིག་བཀའ་ཡི་ཆད་ཐོས་རབ་གཟིར་ནས། །ཡུལ་གྱིས་བསྐལ་བའི་དམ་སྲིའི་བླ་རྡོ་བཀུགས། །༡༧༽བསིལ་ལྗོངས་དགེ་མཚན་སྣང་བ་དར་བའི་སླད། །རྒྱལ་དབང་པདྨའི་ཞབས་རྗེས་མཐོང་གྲོལ་འོག། །མ་རུང་བདུད་ཀྱི་བླ་རྡོ་རབ་མནན་ཏེ། །མཐའ་ཡི་དམག་དཔུང་འགོག་པའི་མུ་ཁྱུད་བསྐྲུན། །༡༨༽འཇིགས་རུང་དྲག་སྔགས་ཆུ་འཛིན་གཡོ་བའི་དབུས། །སྙིང་རྗེའི་གློག་ཞགས་འཁྱུག་དང་ཆབས་ཅིག་ཏུ། །ཐོགས་མེད་རྡོ་རྗེ་ཟེགས་མའི་ཆར་ཆེན་གྱིས། །བདུད་དགྲའི་དཔུང་ཆེན་གཞོམ་ལ་གཅིག་ཏུ་དཔའ། །༡༩༽རིམ་གཉིས་ཆུ་འཛིན་སྟུག་པོའི་ཕང་པ་ནས། །དྲག་སྔགས་འབྲུག་བརྒྱའི་སྒྲ་ཡིས་ཉེར་བསྐུལ་ཏེ། །མངོན་སྤྱོད་ཐོག་ཆར་དྲག་པོས་ཕས་རྒོལ་དཔུང་། །མིང་མེད་གཞོམ་པའི་གྲུབ་མཚན་གཞན་ལས་འཕགས། །༢༠༽མ་རུང་མི་དང་མི་མིན་བདུད་དགྲའི་ཚོགས། །མཐའ་དག་མྱུར་དུ་གཞོམ་པའི་མངོན་སྤྱོད་ཀྱི། །སྲིད་ཞིའི་དྲག་རྩལ་ཕྲིན་ལས་གཅིག་བསྡུས་ཞེས། །གྲགས་པའི་སྒྲ་ཡིས་ས་ཆེན་རྣམ་པར་འདར། །༢༡༽གང་ཁྱོད་མཚན་གྱི་ཟེགས་མ་རེ་རེ་ཡང་། །ཐོས་འཛིན་ལམ་དུ་ལྷུང་བའི་དེ་མ་ཐག །མ་རུང་མི་མིན་དྲེགས་པའི་ཚོགས་ཀྱི་མགོ། །དུམ་བུར་འཐོར་བའི་དཔལ་གྱིས་འཇིག་རྟེན་གཡོ། །༢༢༽རྗེས་ཆགས་སོ་སོར་རྟོགས་པའི་རང་འོད་ཀྱིས། །མོས་པ་རྣམ་བཞི་འགུགས་པའི་ཤེ་མོང་གིས། །སྲིད་གསུམ་བརྟན་པ་འཕྲོག་པའི་མཐུ་གྲུབ་པ། །དབང་ཆེན་རྟ་མཆོག་རོལ་བའི་ཕྲིན་ལས་གྲུབ། །༢༣༽མི་ཟད་ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །འབྱོར་དྲུག་གཏེར་མཛོད་སྒོ་འཕར་ལེགས་ཕྱེས་ཏེ། །མཐའ་ཡས་སྐྱེ་དགུར་འདོད་རྒུའི་དངོས་སྩོལ་བའི། །ཕན་དང་བདེ་བའི་བྱེད་པོ་དམ་པར་གྲུབ། །༢༤༽རབ་དཀར་ཟླ་བའི་མདངས་འཛིན་བྱམས་པའི་ཐུགས། །གང་དུ་ཕྱོགས་པར་བདུད་རྩིའི་ཆར་བཟང་གིས། །འཇིགས་བརྒྱད་མེ་དཔུང་གཞིལ་དང་ཆབས་ཅིག་ཏུ། །བདེ་སྐྱིད་སྙེ་མ་ཡོངས་སུ་སྨིན་པར་མཛད། །༢༥༽སྟོང་ཆེན་ཀ་དག་དབྱིངས་ཀྱི་ལང་ཚོ་དང་། །ཁ་སྦྱོར་བདེ་སྟོང་ཡེ་ཤེས་རོལ་མོ་ཡིས། །མ་ལུས་སྐྱེ་རྒུ་སྨིན་པའི་གྲགས་སྙན་སྒྲ། །གསང་ཆེན་བསྟན་པ་མཛེས་པའི་རྒྱན་དུ་གྱུར། །༢༦༽རྣམ་གསུམ་ཤེས་རབ་རལ་གྲིའི་འཕྲུལ་ཐབས་ཀྱིས། །སྲིད་པའི་དྲྭ་བ་གཅད་དང་ཆབས་ཅིག་ཏུ། །སྐུ་བཞིའི་མྱུ་གུ་སོ་མ་སྨིན་མཛད་པའི། །མཐའ་ཡས་འགྲོ་བ་འདྲེན་པའི་མགོན་ཁྱོད་བསྟོད། །༢༧༽ཀ་དག་ལྷུན་གྲུབ་ནགས་ཀྱི་སྨན་ལྗོངས་སུ། །གཡོ་མེད་ཏིང་འཛིན་ངང་དུ་རྟག་འབྱམས་ཤིང་། །གསང་ཆེན་བདུད་རྩིའི་རྒྱུན་གྱིས་འགྲོ་བའི་བློའི། །དྲི་མ་འཁྲུད་པའི་དྲང་སྲོང་མཆོག་དེར་གུས། །༢༨༽འོད་གསལ་ཐེག་མཆོག་གངས་ཀྱི་རི་བོའི་སྤོར། །འཇིགས་བྲལ་སྣང་བཞིའི་རྩལ་ཆེན་རབ་རྫོགས་ཤིང་། །གཉིས་འཛིན་རྟོག་པའི་རི་དྭགས་སྐྲག་མཛད་པའི། །མི་ཡི་སེང་གེ་གྲུབ་བརྒྱའི་གཙུག་ན་བརྗིད། །༢༩༽རབ་འབྱམས་རྒྱུད་དོན་ཀུན་གཟིགས་མཁས་པའི་མཆོག། །སྡོམ་གསུམ་འགལ་མེད་སྲུང་མཛད་བཙུན་པའི་མཆོག། །གཉུག་མའི་དེ་ཉིད་རྟོགས་པའི་གྲུབ་དབང་མཆོག །མཆོག་གི་གོ་འཕང་ཚེ་འདིར་འགྲུབ་པར་སྨོན། །༣༠༽གང་ཁྱོད་སྤྲུལ་བའི་ཟློས་གར་མི་འགག་པར། །མཐའ་ཡས་ཞིང་རྡུལ་མཉམ་པའི་རོལ་མོ་ཡིས། །བསྟན་དང་འགྲོ་བའི་རྒུད་མུན་ཉེར་བསལ་ནས། །ཕན་བདེའི་སྣང་བ་ཡུན་ཏུ་བརྟན་པར་མཛོད། །༣༡༽བསྔགས་འོས་ཡུལ་ལ་བསྔགས་པའི་ལེགས་བྱས་སྤྲིན། །ས་གསུམ་མཁའ་དབྱིངས་དཀྲིགས་པའི་བ་གམ་ནས། །འཛད་མེད་ཕན་བདེའི་གྲུ་ཆར་རྟག་འཇོ་ཞིང་། །དུས་ཀུན་འཇིག་རྟེན་དགེ་བའི་བཀྲ་ཤིས་ཤོག །༣༢༽གྲུབ་དབང་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ལ་བསྟོད་པའི་ཚིགས་བཅད་མཚན་བཟང་སོ་གཉིས་ཀྱི་གྲངས་མཉམ་འདི་ཉིད་གྲུབ་དབང་ནོར་གླིང་དགོན་གྱི་མཁན་རིན་པོ་ཆེ་ནམ་མཁའི་མཚན་ཅན་གྱིས་ནན་སྐུལ་མཛད་པ་བཞིན་སྙོམ་ལས་པ་ཨོ་རྒྱན་རིག་འཛིན་དུ་འབོད་པས་བོད་སྒྱུར་བྱེད་ས་ཕག་ཟླ་༦ཚེས་༢༨ཉིན་དཔལ་གྱི་སེང་གེ་རིའི་རང་སྤྱིལ་དུ་སྦྱར་བ་ཡིད་ཅན་རྣམས་ཀྱི་རྒྱུད་ལ་ཐར་དང་རྣམ་མཁྱེན་གྱི་ས་བོན་འཇོག་པའི་རྒྱུ་ཉིད་དུ་འགྱུར་བར་ཤོག་ཅིག །སརྦ་མངྒ་ལམ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།