རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྣམ་ཐར་གསོལ་འདེབས་ངོ་མཚར་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

WechatIMG2291.jpeg

རྡོ་རྗེ་འཆང་དབང་གསང་ལམ་འཁྲུལ་མེད་ལས། །

སྐུ་ཚེ་གཅིག་གིས་མི་སློབ་ཟུང་འཇུག་ཏུ། །

གཤེགས་པས་གངས་ཅན་རྣ་བའི་རྒྱན་དུ་གྲགས། །

རྗེ་བཙུན་མི་ལའི་ཞབས་ལ་གསོལ་བ་འདེབས། །


མངའ་རིས་གུང་ཐང་རྩ་ཡི་ཡུལ་ལྗོངས་སུ། །

ངོ་མཚར་ཁྱུང་རིགས་གསེར་གྱི་སྒོ་ང་རུ། །

ཡིད་བཞིན་ནོར་བུ་ལྟ་བུའི་བཅུད་སྨིན་ནས། །

སྐྱེ་རྒུའི་འདྲེན་པར་བྱོན་ལ་གསོལ་བ་འདེབས། །


གདོད་ནས་རྣམ་པར་གྲོལ་ཡང་སྲིད་པ་ཡི། །

འཆིང་བས་བཅིངས་ལ་དཔེ་ཙམ་སྟོན་པའི་སླད། །

གཞོན་ནུའི་དུས་སུ་གཉེན་གྱིས་སུན་ཕྱུང་པས། །

ཉམ་ཐག་ཚུལ་དུ་བསྟན་ལ་གསོལ་བ་འདེབས། །


གླན་ཆུང་ལོ་ཙཱའི་དྲུང་དུ་གཙུག་ཕུད་ཕུལ། །

འབྲི་ཀློག་ལེགས་སྦྱངས་ཕྱག་རྡོར་ལ་སོགས་གསན། །

ཡུམ་གྱི་བཀའ་བཞིན་དབུས་གཙང་རྒྱལ་ཁམས་སུ། །

སློབ་དཔོན་འཚོལ་དུ་བྱོན་ལ་གསོལ་བ་འདེབས། །


གཡུང་དང་གནུབས་ཀྱི་སྔགས་འཆང་ཆེན་པོ་ལས། །

གདམས་ངག་གསན་ཏེ་སྒྲུབ་པ་མཛད་ཙམ་གྱིས། །

ཡུམ་སྲས་སྐུ་དགྲ་མཐའ་དག་རྩད་ནས་བཅད། །

མཐུ་ཆེན་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །


སྔ་འགྱུར་རིག་འཛིན་གཞན་ལས་རྫོགས་ཆེན་སོགས། །

གསན་པ་མང་མཛད་བསྐྱེད་རིམ་ནུས་ཐོབ་ཀྱང༌། །

ཐུགས་དགོངས་མ་ཚིམས་གྲུབ་བརྙེས་བླ་མ་དང༌། །

གདམས་ཟབ་འཚོལ་བར་བཞེད་ལ་གསོལ་བ་འདེབས། །


ལྷོ་བྲག་མར་པའི་མཚན་ཐོས་ཙམ་གྱིས་ནི། །

བཟོད་མེད་མོས་པ་འཁྲུངས་ནས་ཕེབས་པའི་ཚེ། །

བླ་མའི་རྨི་ལམ་ལྟས་ཀྱིས་སྐལ་ལྡན་དུ། །

གཟིགས་ནས་བསུ་བར་མཛད་ལ་གསོལ་བ་འདེབས། །


ཐོག་མའི་རྟེན་འབྲེལ་ལེགས་བསྒྲིགས་སྒྲིབ་སྦྱང་ཕྱིར། །

དྲན་ཀྱང་བཟོད་དཀའི་དཀའ་ཆེན་སྤྱོད་དུ་བསྩལ། །

ཡི་ཆད་ཐེངས་བརྒྱད་བཏང་བས་སྒོ་གསུམ་རྒྱུད། །

དྲི་མེད་ཤེལ་ལྟར་གཙང་ལ་གསོལ་བ་འདེབས། །


ལུས་སྲོག་ཐེད་ལ་བོར་བའི་ཞབས་ཏོག་གིས། །

གཏིང་ནས་མཉེས་པས་ཐུགས་རྗེ་ཆེན་པོས་བཟུང༌། །

བསླབ་པའི་གནས་བཀོད་བརྡ་དོན་མཚུངས་པའི་མཚན། །

རྡོ་རྗེ་རྒྱལ་མཚན་གྲགས་ལ་གསོལ་བ་འདེབས། །


འཁོར་ལོ་སྡོམ་པའི་དབང་བསྐུར་ཐུན་མིན་བསྩལ། །

སྤྲུལ་པའི་དཀྱིལ་འཁོར་བར་སྣང་དངོས་སུ་བསྟན། །

དཔའ་བོ་མཁའ་འགྲོས་མགྲིན་གཅིག་མཚན་གསོལ་བ། །

བཞད་པ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །


བཀའ་བབས་བཞི་ཡི་གཞུང་གདམས་མ་ལུས་པ། །

བུམ་པ་གང་བྱོར་གནང་སྟེ་རྫུ་འཕྲུལ་གྱི། །

བཀོད་པ་བསྟན་པས་བླ་མ་སངས་རྒྱས་སྐུ། །

དངོས་སུ་གཟིགས་པར་གྱུར་ལ་གསོལ་བ་འདེབས། །


གཉའ་གཉའི་བྲག་ཏུ་བསམ་གཏན་ཕར་ཕྱིན་བརྙེས། །

བླ་མས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །

རང་ཡུལ་ཕེབས་ཏེ་རྐང་ཚུགས་ཕུག་པ་རུ། །

དགེ་སྦྱོར་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །


བྲག་དཀར་རྟ་སོས་ཐོག་དྲངས་རྫོང་དྲུག་ཏུ། །

མི་ཟས་སྤངས་ནས་ཟྭ་ཡི་འཚོ་བ་དང༌། །

ཕལ་ཆེར་ཏིང་འཛིན་ཟས་མཆོག་ལ་བརྟེན་ནས། །

ཐབས་གྲོལ་མྱུར་ལམ་བསྒོམས་ལ་གསོལ་བ་འདེབས། །


འཁོར་ལོ་དྲུག་གི་རྩ་མདུད་རིམ་བཞིན་གྲོལ། །

ནང་གི་ས་ལམ་སྒྲ་དོན་ཇི་བཞིན་རྫོགས། །

རླུང་སེམས་སྤྲོས་པ་དྷཱུ་ཏིའི་དབྱིངས་སུ་ཐིམ། །

བདེ་སྟོང་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །


རྡུལ་བྲལ་མཁའ་དང་མཉམ་པའི་ཡེ་ཤེས་བརྙེས། །

སྤྱོད་པ་གསུམ་གྱི་ཉེ་རྒྱུ་མཐའ་རུ་ཕྱིན། །

དཔལ་གྱི་མགུལ་ནས་རྡོ་རྗེའི་གླུ་དབྱངས་ཀྱིས། །

ཐོས་གྲོལ་ལྷན་ཅིག་མཛད་ལ་གསོལ་བ་འདེབས། །


ལིང་པ་བྲག་ཏུ་བྲག་གི་སྲིན་མོ་བཏུལ། །

ལ་ཕྱིར་ཚོགས་ཀྱི་བདག་པོ་དམ་ལ་བཏགས། །

ཏི་སེར་བོན་ཆུང་མིང་སྲིང་རྫུ་འཕྲུལ་གྱིས། །

བཅོམ་ནས་རྗེས་སུ་བཟུང་ལ་གསོལ་བ་འདེབས། །


ཆུ་བར་ཚེ་རིང་མཆེད་ལྔ་སྣང་སྲིད་ཀྱི། །

ལྷ་འདྲེའི་ཆོ་འཕྲུལ་དགོངས་པའི་རྩལ་གྱིས་གཞིལ། །

སྲོག་སྙིང་བླངས་ཏེ་སྒྲུབ་བརྒྱུད་སྲུང་མར་བསྐོས། །

གདམས་པས་རྗེས་སུ་བཟུང་ལ་གསོལ་བ་འདེབས། །


ཐོང་ལའི་ལ་ཐོག་དམ་པ་སངས་རྒྱས་དང༌། །

མཇལ་ཏེ་སྤངས་རྟོགས་མཉམ་པར་ཞལ་གྱིས་བཞེས། །

ར་ལའི་ཟྭ་འོག་ཕུག་ཏུ་རས་ཆུང་པར། །

སྐལ་ལྡན་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །


འཕགས་ཡུལ་ལན་གཉིས་བཏང་སྟེ་ལུས་མེད་ཀྱི། །

མཁའ་འགྲོའི་ཆོས་སོགས་གདམས་ངག་ཟབ་རྒྱས་བླངས། །

གྲུབ་པའི་རྒྱལ་སར་བཀོད་ནས་ཐུགས་ཀྱི་སྲས། །

ཟླ་བ་ལྟ་བུར་གྲགས་ལ་གསོལ་བ་འདེབས། །


དབུས་པ་སྟོན་པར་ཕག་མོའི་བྱིན་རླབས་དང༌། །

ཐབས་གྲོལ་གདམས་ཟབ་གནང་ནས་ཉམས་བཞེས་པས། །

ཏིང་འཛིན་རྩལ་རྫོགས་ཉི་མ་ལྟ་བུ་ཡི། །

ཐུགས་ཀྱི་སྲས་སུ་གྱུར་ལ་གསོལ་བ་འདེབས། །


སྲས་ཀྱི་མཆོག་བརྒྱད་ཉེ་བའི་བུ་བཅུ་གསུམ། །

སྲིང་བཞི་མཁའ་སྤྱོད་གྲུབ་པ་བདུན་གྱིས་གཙོས། །

གཟུགས་ཅན་གཟུགས་མེད་རྒྱུ་སྐར་གྲངས་མཉམ་པ། །

རྣམ་གྲོལ་སར་བཀོད་མཛད་ལ་གསོལ་བ་འདེབས། །


སེམས་ཅན་གང་གི་རྣ་བར་ང་ཡི་མིང༌། །

ཐོས་ནས་དད་པ་སྐྱེས་པ་དེ་དག་རྣམས། །

སྐྱེ་བ་བདུན་དུ་ངན་འགྲོར་མི་ལྟུང་ཞེས། །

བསླུ་མེད་བདེན་པར་གསུངས་ལ་གསོལ་བ་འདེབས། །


གྱ་བཞི་བཞེས་ཚེ་དབང་པོའི་རིམ་པ་དང༌། །

མཐུན་པར་མཐོང་སྣང་བསམ་ཡས་ཆོ་འཕྲུལ་བཅས། །

མངོན་དགའི་ཞིང་དུ་གཤེགས་ནས་སངས་རྒྱས་ཀྱི། །

ཞིང་ཁམས་ཡོངས་སུ་སྦྱོང་ལ་གསོལ་བ་འདེབས། །


རིག་གྲོལ་གོས་དང་མྱོང་གྲོལ་ཤིང་གི་བཅུད། །

མི་རབས་རེ་ལ་ཟད་མེད་འཕེལ་བས་ཀྱང༌། །

འགྲོ་མང་འཕྲལ་ཡུན་ཕན་བདེར་བཀོད་པ་ཡི། །

ངོ་མཚར་བྱིན་རླབས་མཛད་ལ་གསོལ་བ་འདེབས། །


བསམ་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལས། །

སྐྲ་རྩེའི་ཟེགས་མ་ཙམ་གྱིས་གསོལ་བཏབ་མཐུས། །

ཐུགས་རྗེའི་ལྕགས་ཀྱུས་དག་པའི་ཞིང་ཁམས་སུ། །

དྲངས་ནས་ཉིད་དང་དབྱེར་མེད་མཛད་དུ་གསོལ། །

    ཞེས་གངས་ཅན་གྲུབ་པ་ཡོངས་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དོན་བསྡུས་ཀྱི་གསོལ་འདེབས་འདི་བཞིན་ལུང་དང་རྟོགས་པའི་ཆོས་ལ་མངའ་དབང་འབྱོར་བ་མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། ༧རྗེ་བཙུན་རས་པ་ཆེན་པོའི་སྒྲུབ་བརྒྱུད་ཀྱི་རྗེས་སུ་ཞུགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ། ། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།