༄༅། །ཀ་ཕྲེང་དང་སྦྱར་བའི་བསླབ་བྱ་དྲི་ཟའི་གླིང་བུ།

WechatIMG2703.jpeg

     ཀ་ཅིའི་རས་དཀར་བརྐྱངས་འདྲའི་སེམས་ཤུགས་ཀྱིས། ། ཁ་བའི་ལྗོངས་ཀྱི་ངོ་མཚར་རིག་གནས་རྣམས། །  ང་ཅག་མི་རབས་རྗེས་མས་གཅེས་པར་བཟུང་། །  ཅ་རེ་ཉིན་མཚན་དུས་དྲུག་ཐམས་ཅད་ཀྱི། །  ཆ་ཤས་རེར་ཡང་སློབ་སྦྱོང་ལ་འབད་ན། །  ཇ་ཆང་ཧུབ་གཅིག་འཐུང་བའི་ཡུན་ལ་ཡང་། །  ཉ་རྒྱས་ཟླ་བ་ལྟ་བུའི་ཡར་རྒྱས་འབྱུང་། །  ཏ་ཏོབ་ཙམ་མིན་དུས་རབས་མང་པོའི་རིང་། །  ཐ་དད་མི་རིགས་ཁག་གི་རིག་གཞུང་མཛོད། །  ད་ལྟའི་བར་དུ་འོད་ཟེར་སྟོང་འཕྲོ་བའི། །  ན་རིམ་མེས་པོའི་ལོ་རྒྱུས་ཤུལ་རྒྱུན་ཡོད། །  པཀྵུ་ལ་སོགས་ཆུ་ཀླུང་གྲགས་ཅན་བཞི། །  ཕ་རོལ་རྒྱ་མཚོ་ཆེན་པོའི་ཆུ་མགོ་རྣམས། །  བ་གམ་ཅན་གྱི་འཛམ་གླིང་ཡང་ཐོག་ནས། །  མ་ཐོགས་རྒྱུན་ཆད་མེད་པར་ཕྱོགས་བཞིར་འབབ། །  ཙ་རི་ལ་སོགས་གྲགས་ཅན་རི་བོ་བཞིར། །  ཚ་བ་གསུམ་སོགས་སྨན་སྣས་ཡོངས་གང་བས། །  ཛ་དྲག་ན་ཚས་མནར་བར་འགྱུར་ན་ཡང་། །  ཝ་ལེར་མྱུར་སེལ་གསོ་རིག་ནོར་མཛོད་ཡོད། ། 

WechatIMG2323.jpeg

 ཞ་ཉེ་སྐྱེས་སོགས་ལྕགས་རིགས་སྣ་ལྔ་དང་། །  ཟ་འོག་གོས་ལ་འགྲན་པའི་འཐག་ལ་སོགས། །  འ་ཅག་བོད་ལྗོངས་ས་མཐོའི་མི་དམངས་ལ། །  ཡ་མཚན་ངོ་མཚར་སྐྱེ་བའི་ལག་རྩལ་ཡོད། །  ར་ལུག་འབྲི་སོགས་དཀར་ནག་ཕྱུགས་རིགས་ཀྱིས། །  ལ་ལུང་རྩྭ་ཐང་ལྗོངས་ཀུན་བྱུར་བུར་ཁེངས། །  ཤ་མར་བལ་སོགས་འབྲོག་ལས་དངོས་ཟོག་གིས། །  ས་ཆེན་དོག་པོར་འགེངས་པའི་བདེ་སྐྱིད་ཡོད། །  ཧ་ཅང་ཡངས་པའི་ཞིང་ཐང་རྒྱ་ཆེའི་ངོས། །  ཨ་གྲོ་ལ་སོགས་འབྲུ་རིགས་སྣ་ཚོགས་ཤིག །  ཨ་མྱེས་རྒན་པོ་ནས་བཟུང་བྱིས་པའི་བཏང་། །  ཧ་ཅང་དགའ་སྤྲོ་སྐྱེ་བའི་ལོ་ལེགས་བྱུང་། །  ས་སྟེང་འདིར་གནས་མི་རིགས་སོ་སོ་རྣམས། །  ཤ་མདོག་རུས་རྒྱུད་དབྱེ་བ་མི་འདྲ་ཡང་། །  འ་འུར་བདེ་སྐྱིད་འཚོ་བ་བསྐྲུན་པའི་ཆེད། །  ར་མདའི་ལྷག་བསམ་འོ་མའི་མཚོ་ལ་འགྲན། །  ཡ་རབས་སྤྱོད་བཟང་མེས་པོའི་ཤུལ་རྒྱུན་ཀུན། །  འ་ཅག་མི་རབས་རྗེས་མས་བཟུང་བྱས་ཏེ། །  ཟ་ཟིར་ཙམ་མིན་རིག་གནས་ལེགས་སྦྱངས་ན། །  ཞྭ་ལུ་སྐྱེས་ལྟར་བློ་གྲོས་གོང་འཕེལ་འབྱུང་། །  ཝ་ལེར་གསལ་བའི་ཤེས་རིག་རྒྱས་པའི་དུས། །  ཛ་དྲག་བརྩོན་འགྲུས་རྩོམ་ལ་མཁས་གྱུར་ན། །  ཚ་ཟེར་ཅན་དང་འཕྲད་པའི་པད་མོ་བཞིན། །   ཙ་ན་ཡིན་ཡང་སྐྱེས་སྟོབས་དཔལ་རབ་འབར། །  མ་ལ་ཡར་སྐྱེས་ཙན་དན་གཞོན་ནུ་འདྲའི། །  བ་གམ་མཛེས་པའི་རྒྱན་དུ་གྱུར་འདོད་ན། །  ཕ་མེས་རྒན་རབས་རིག་གཞུང་ནོར་གྱི་མཛོད། །  པ་ཊའི་མདུད་པའི་རྒྱ་བཞིན་སེམས་ལ་ཆོངས། །  ན་གཞོན་དུས་རབས་ཡིད་བཞིན་ནོར་ལས་ལྷག །  ད་ལྟ་ལུས་སེམས་སྐྱེས་སྟོབས་དཔལ་འབར་ཚེ། །  ཐ་ཆད་དོན་ཆུང་བྱ་བར་ཆུད་ཟོས་ན། །   ཏ་སྟོབས་ན་སོ་རྒས་དུས་འགྱོད་ཀྱང་འཕྱིས། །  ཉ་རྒྱས་ཟླ་བར་འགྲན་པའི་ལྷག་བསམ་གྱིས།  །  ཇ་ཆང་བཏུང་བས་མཚོན་མིན་བསླབ་བྱའི་གཏམ། །  ཆ་ཤས་ཙམ་ཞིག་ཀ་ལའི་ཕྲེང་བ་རུ། །  ཅ་ཅོའི་ངག་དང་སྤེལ་ཏེ་བྲིས་པ་འདིས། །  ང་ཅག་གངས་ལྗོངས་རིག་གཞུང་ནོར་བུའི་མཛོད། །  ག་བུར་འཛིན་པའི་ཆ་ཤས་འཕེལ་བ་བཞིན། །  ཁ་བ་ཅན་སོགས་ཡངས་པའི་འཇིག་རྟེན་ལ། །  ཀ་རྣི་ཀ་མཚུངས་མཛེས་པའི་རྒྱན་གྱུར་ཅིག །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།