༅༅། །རྒྱ་གར་སྐད་དུ། ཨརྱ་མཉྫུ་ཤྲཱི་བྷཊྚཱ་ར་ཀ་ཀཱ་རུ་ཎ་སྟོ་ཏྲ། བོད་སྐད་དུ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉེས་པ་མ་ལུས་པ་རྣམས་རབ་བསལ་ཞིང་། །ཐུབ་པའི་གྲགས་པས་འགྲོ་བ་མ་ལུས་ཁྱབ། །དཔལ་ལྡན་རབ་ཏུ་བརྟན་པའི་སྐུ་མངའ་བ། །དཔལ་ལྡན་ཁྱེད་ལ་རྟག་ཏུ་ཕྱག་འཚལ་ལོ། །བོས་ཤིང་བོས་ཤིང་འགྲོ་བ་མ་ལུས་པ། །ཕོངས་པ་འདི་དག་ཀུན་ལས་ཁྱེད་སྐྱོབ་མཛད། །བདག་ནི་སྡུག་བསྔལ་གྱུར་ཀྱང་དམན་ཁྱེད་ཅེས། །ཅི་ཡི་ཕྱིར་ན་ངེས་པར་སེལ་མི་མཛད། །བཅོམ་ལྡན་ཁྱོད་ནི་རྟག་པར་ཐམས་ཅད་ལ། །རྣམ་པ་ཀུན་དུ་ཐམས་ཅད་གསོལ་གྲག་ན། །བདག་ལ་མཐོང་བ་ཙམ་ཡང་མ་སྩལ་བས། །དེ་ཕྱིར་བདག་ནི་ཤིན་ཏུ་སྐལ་དམན་ལགས། །ཡོན་ཏན་ལྡན་ཞིང་ཉེས་པ་སེལ་མཛད་པ། །བློ་བཟང་འགྲོ་ཀུན་སྐྱོབ་པར་བརྩོན་གྱུར་ན། །བདག་བློ་ཁྱེད་ལ་མངོན་དུ་ཞེན་ན་ཡང་། །ཕོངས་པས་གདུངས་པ་ཉིད་དུ་ཅི་ཕྱིར་འགྱུར། །ཐུགས་རྗེའི་བདག་ཉིད་ལྡན་པ་ཁྱེད་ཀྱི་ནི། །པདྨ་ལྟ་བུ་དག་པའི་སྤྱན་གཉིས་ཀྱིས། །འགྲོ་བ་ཕན་པར་མཛད་ཀྱང་བདག་སྡུག་པར། །མ་གཟིགས་པ་ནི་ཀྱེ་མ་སྡུག་བསྔལ་ལོ། །ཁྱེད་ཀྱིས་ཡིད་འཇིགས་དབུགས་འབྱིན་མཛད་པ་ཡི། །ཕྱག་གི་པདྨ་རིང་དུ་རྟག༌རྐྱོང་ཡང་། །སྐལ་ཉེས་པ་ཡི་ཚ་བས་དེ་ཡང་ནི། །ཐག་རིང་དུ་ནི་མི་སྣང་ཉིད་དུ་འགྱུར། །ཁྱེད་ཀྱི་སྙན་ནི་མ་ཉམས་གཙང་བ་དག །གཉིས་ཀྱིས་ཀྱང་ནི་ལུས་ལ་སྡུག་བསྔལ་གྱིས། །གཟིར་ཏེ་སྤྱན་སྔར་འོ་དོད་འབོད་གྱུར་ཀྱང་། །བདག་གི་དམན་པ་ཅི་ཕྱིར་གསན་མ་གྱུར། །རྣམ་པ་ཀུན་དུ་ཐུགས་རྗེས་དྲངས་ཁྱེད་ཀྱིས། །དམྱལ་བར་སོང་བའི་འགྲོ་རིགས་བདེ་མཛད་ན། །སྡིག་ཅན་བདག་ལ་བཅོམ་ལྡན་འདས་ཀྱིས་ནི། ། ཐུགས་རྗེ་དེ་ཡང་བརྩེ་བ་མི་མངའ་གྱུར། །འཇིག་རྟེན་དམན་ལ་ཕན་པར་མཛད་པ་ཡི། །ཁྱོད་ལ་གཞོན་ནུའི་རོལ་པ་འདི་མངའ་ན། །གང་འདིར་བདག་ནི་སྡུག་བསྔལ་གྱིས་གཟིར་ཀྱང་། །བསྐྱབ་པར་མི་མཛད་སྡིག་ཅན་བསམ་པས་ཉེས། །འདི་ན་སྡུག་བསྔལ་ཅན་ནི་གང་ཡིན་ཞེས། །གླེན་གང་གང་གིས་ཕུན་ཚོགས་ཟད་གྱུར་ཅེས། །དེ་ལྟར་རྣམ་པར་རྒྱུ་ཞིང་སྐྱོབ་མཛད་ཀྱང་། །བདག་ཕོངས་མ་གཟིགས་ཀྱེ་མ་ངོ་མཚར་ཆེ། །གང་ཞིག་ལ་ནི་ཚིག་སྦྱིན་གང་ཞིག་ལ། །འཕྲལ་དུ་ཕུན་ཚོགས་རྒྱ་ཆེན་སྦྱིན་བྱ་ཞེས། །དེ་ལྟར་བརྩོན་པ་ཁྱེད་ཀྱི་མཁྱེན་རབ་ཀྱིས། །ཅི་ཡི་ཕྱིར་ན་བདག་ལ་སྐྱོབ་མི་མཛད། །ཁྱེད་ལ་དད་པར་གྱུར་པ་སུ་མི་བདེ། །ཁྱེད་དང་བསོད་ནམས་དམན་པ་ཞིག་མ་མཆིས། །བདག་ནི་ཁྱེད་ལ་དད་ཀྱང་སྡུག་བསྔལ་བར། །ཅི་ཕྱིར་གྱུར་ཅེས་ངོ་མཚར་རྣམ་པར་འཁྲུངས། །སྡུག་བསྔལ་གཅོད་མཛད་སྨན་པ་ཆེན་པོ་ནི། །གང་དེ་ཁྱེད་ཀྱང་བདག་ལ་སྤོང་མཛད་ན། །བསོད་ནམས་བཅོམ་པ་བདག་གིས་གཞན་སུ་ལ། །སྐྱབས་སུ་མཆི་བར་བགྱི་བ་ཁྱེད་ཀྱིས་གསུངས། །འགྲོ་ལ་རྟག་ཏུ་བུ་གཅིག་འདྲ་བ་ཡི། །བརྩེ་བའི་ཐུགས་ནི་མངའ་ཞིང་སྒྲོལ་སྤྱོད་པ། །ཁྱེད་ཀྱང་གལ་ཏེ་བདག་གནོད་མི་སེལ་ན། །དེ་ཚེ་བདག་ནི་མགོན་མེད་བཅོམ་པ་ལགས། །བཅོམ་ལྡན་ཁྱེད་ནི་དྲན་པ་ཙམ་གྱིས་ནི། །འགྲོ་ལ་འབྲས་བུ་མཉམ་མེད་ཀུན་སྩོལ་ན། །བདག་ནི་བསྙེན་བཀུར་བགྱིད་ཀྱང་བདག་གི་ཕྱོགས། །རྣམ་པ་ཀུན་དུ་ཕྱི་བཤོལ་ཅི་ཕྱིར་མཛད། །དེ་ལྟར་སྨྲེ་གསོལ་བ་ཡིས་ཁྱོད་ཡོན་ཏན། །ཆ་ཙམ་བརྗོད་ལས་བདག་གིས་དགེ་བསགས་པ། །གང་ཡིན་དེས་ནི་འགྲོ་ལ་བསོད་ནམས་དག །རྒྱ་ཆེར་རང་བཞིན་གྲུབ་པའི་བུམ་པ་བཟང་། །ཡིད་བཞིན་ནོར་བུ་ལྟ་བུ་གཟུགས་སྐུ་ཡི། །ཞབས་གཉིས་རྒྱུ་བའི་དཔག་བསམ་འདྲ་བ་ཡི། །ཁྱོད་ཀྱི་གཞོན་ནུའི་ལུས་སུ་བདག་གྱུར་ཅིང་། །སྐྱེ་བ་ཀུན་དུ་བདག་པོ་ཉིད་གྱུར་ཅིག །རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།