རྒྱལ་ཀུན་ཡེ་ཤེས་སྐུ་སྟེ་འཇམ་པའི་དབྱངས། །མཁྱེན་རབ་ལྷག་པའི་ལྷ་དེའི་ཐུགས་ཀྱི་འོད། །ཁྱོད་ཀྱི་སྙིང་ལ་མྱུར་དུ་ཞུགས་ནས་ཀྱང་། །ལུགས་བཟུང་བླང་དོར་སྣང་བ་གསལ་གྱུར་ཅིག །བླང་ཞེས་བྱ་བ་ཡ་རབས་ལུགས་ཡིན་ཏེ། །རྒྱུ་འབྲས་ཡིད་ཆེས་དགེ་བཅུའི་ལམ་ལ་གནས། །རང་དོན་ལེགས་གྲུབ་གཞན་ལ་ཕན་པ་མཆོག །འདི་ཕྱིར་ལེགས་ལམ་གོང་འཕེལ་འགྱུར་བ་ཡིན། །དོར་ཞེས་བྱ་བ་མ་རབས་སྤྱོད་པ་སྟེ། །རང་དོན་ཕུག་བཅུག་རྫུན་ཁྲམ་གཡོ་སྒྱུས་འཚོ། །རྒྱུ་འབྲས་གོ་ལོག་གཞན་གནོད་ལས་ལ་སྤྱོད། །འདིར་སྡུག་ཕྱི་མ་ངན་སོང་འགྲོ་བའི་རྒྱུ། །བླང་དོར་དམིགས་འབྱེད་རྒྱལ་བའི་བཀའ་ལུང་སྟེ། །དམ་པ་རྣམས་ཀྱི་ལེགས་གསུང་གཞུང་རྣམས་ཡིན། །དེ་དག་ལེགས་པར་ཉན་ཞིང་དོན་ལ་བསམ། །ཡིད་ཆེས་སྐྱེས་ན་བཟང་པོའི་གྲལ་དུ་ཚུད། །ཡིན་ལུགས་དེ་ལྟར་ཡིན་ཀྱང་དེང་སང་དུས། །དྲི་མེད་རྒྱལ་བའི་བསྟན་པ་ནུབ་ལ་ཉེ། །བསྟན་འཛིན་ཚུལ་དང་མཚུངས་པ་ཉིན་སྐར་འདྲ། །ཇི་ལྟར་བཤད་ཀྱང་གོ་བ་ཤིན་ཏུ་དཀའ། །ཁྱད་པར་ནག་ཕྱོགས་ཀླ་ཀློའི་རྒྱབ་དཔུང་དུ། །ལྷ་མིན་གདོན་ཆེན་རྣམས་ཀྱི་འཕྲུལ་བཀྱེ་ནས། །གཞི་བདག་ཚོགས་ཀྱི་བློ་ཁ་བསྒྱུར་བྱས་པས། །མི་རྣམས་རང་དབང་མེད་པར་ལོག་སྤྱོད་བྱེད། །བརྐམ་ཆགས་འདོད་པ་མེ་ལྟར་འབར་བ་དང་། །གནས་མིན་ཞེ་སྡང་ཆུ་ལྟར་ཁོལ་བ་དང་། །ཕན་ལ་མི་ཕན་མི་ཕན་ཕན་བྱེད་དུ། །གོ་ལོག་མཐོང་བའི་གཏི་མུག་མུན་ལྟར་གཏིབ། །འདི་རྣམས་གདོན་གྱི་ཆོ་འཕྲུལ་ཡིན་མོད་ཀྱི། །མི་རྣམས་སུས་ཀྱང་དེ་དོན་ཤེས་མི་འགྱུར། །རློམ་པས་འགྱིང་ཞིང་རང་ལ་རང་མགུ་བས། །ནམ་ཞིག་རང་བྱས་རང་སྨིན་ཡི་ཆད་སྐྱེ། །དེ་ཕྱིར་དུས་ངན་འདི་ལ་ང་ལྟ་བུ། །ཆོས་དང་འཇིག་རྟེན་ཅི་ཡང་མ་འགྲུབ་པ། །གླང་རྒན་མུན་ཁུང་ཉལ་བ་ལྟ་བུ་ཡིས། །བྲག་ཆའི་རྗེས་བརྗོད་གདམས་པས་སུ་ལ་ཕན། །འོན་ཀྱང་བླང་དོར་གནད་བསྡུས་བྲིས་ཞེས་པའི། །ཚིག་གི་བསྐུལ་མའི་རྗེས་འབྲང་གང་དྲན་དང་། །སྨྱོན་ཐལ་སྨྲས་ལ་དར་ཅིག་གསན་མཛད་དེ། །རྣམ་དཔྱོད་བགྱིས་ན་ཅུང་ཟད་དོན་དུ་འགྱུར། །དེང་སང་ཕལ་གྱིས་བླང་དོར་མི་ཤེས་ཤིང་། །ཤེས་ཀྱང་ལག་ཏུ་མི་ལོན་དུས་ཀྱིས་མནར། །དེ་འདྲར་བཤད་རྒྱ་མང་བས་མི་ཕན་ཏེ། །རང་སེམས་རང་གིས་བཟུང་ན་གནད་དོན་ཡིན། །ནག་ཕྱོགས་ཁ་དར་བསྟན་པ་ཉམས་དམའ་ཞིང་། །དཀར་ཕྱོགས་དགྲ་བླ་དམ་ཅན་མཐུ་ཆུང་བས། །བཟང་པོའི་བསམ་འདུན་བྱས་ཀྱང་འགྲུབ་པར་དཀའ། །བཟང་པོ་རྣམས་ལ་བར་ཆད་ལྷག་པར་སྡང་། །ངན་པའི་སྙིང་ལ་དམ་སྲི་སྡེ་བརྒྱད་ཞུགས། །དཀོན་མཆོག་གསུམ་དང་རྒྱལ་ཁམས་ཡོངས་ལ་གནོད། །སྤྱི་སྒེར་མི་བདེ་བསམ་པ་གོ་ལོག་དུས། །བཤད་བཤད་མང་བས་ཅི་ཡང་མི་ཕན་པས། །སྙིང་ནས་བླ་མ་མཆོག་གསུམ་ཡི་དམ་ལྷ། །བསྟན་སྲུང་དྲེགས་པའི་ཐུགས་དམ་གནད་ནས་བསྐུལ། །ཁྱད་པར་ཨོ་རྒྱན་ཆེན་པོར་གསོལ་བ་ཐོབ། །སྙིགས་མའི་སྐྱབས་གཅིག་དེ་མིན་དེ་ལས་གཞན། །བྱ་བ་ཐབས་རྡུག་བཤད་པ་རྣར་གཟོན་པའི། །ལས་ཀ་མངོན་སུམ་མཐོང་དུས་སྐྱོ་བའི་བློ། །ད་དུང་མི་སྐྱེ་ཁོང་སྙིང་མེད་པའམ། །ཅི་ཡང་མི་ཤེས་བྱིས་པའི་ངང་ཚུལ་ཡིན། །དེ་ལྟར་འཛམ་གླིང་ཡུལ་གྲུ་ཐམས་ཅད་དུ། །མི་རྣམས་བློ་གཏད་མི་ཕེར་ལོག་ལམ་ཅན། །ཕན་པའི་སྤྱི་ཆུས་མེད་པར་རང་ཆུས་གཉེར། །རྒྱལ་ཁྲིམས་དྲང་པོའི་གཉའ་ཤིང་ཆག་པས་ན། །རྒྱལ་ཁམས་མི་བདེའི་རྩ་བ་དེ་ལ་ཐུག །རྒྱལ་ཁྲིམས་མེད་ན་རྒྱལ་པོའི་བཀའ་མི་བཙན། །རྒྱལ་པོའི་བཀའ་མི་བཙན་ཚེ་རྒྱལ་ཁམས་འཁྲུགས། །རྒྱལ་ཁམས་འཁྲུགས་ན་སངས་རྒྱས་བསྟན་ལ་གནོད། །གནོད་པ་མི་བདེ་བྱུང་ཚེ་སུས་ཀྱང་ཤེས། །གནོད་པའི་རྩ་བ་གང་བྱུང་སེམས་ལས་བྱུང་། །སེམས་ལ་རང་དབང་མེད་པ་གདོན་གྱི་མཐུ། །གདོན་ལ་རྩ་གསུམ་བླ་མའི་ཐུགས་རྗེ་ལས། །གཞན་པའི་གསོ་དཔྱད་ཅི་ཡང་མི་རྙེད་པས། །ད་ནི་བླ་མ་ཨོ་རྒྱན་ཆེན་པོ་ལ། །ནང་ནུབ་དུས་རྒྱུན་གདུང་ཤུགས་གསོལ་བ་ཐོབ། །དེ་ལྟར་བྱས་ན་བདེ་བའི་འབྲས་བུ་སྨིན། །དེ་ལྟར་མ་ཤེས་བཟང་པོར་རེ་བ་ཡིས། །བྱ་བ་ཐལ་ན་ཉེས་པ་ཆེན་པོ་འབྱུང་། །རང་ལ་རང་རྩིས་ཆེན་པོ་མ་ཞུགས་པས། །ལེ་ལན་རང་དེ་ཤེས་ན་མཁས་པའི་མཆོག །མཆོག་འདི་བློ་མང་ཅན་གྱིས་ཡོངས་མི་འགྲུབ། །མི་འགྱུར་རི་བོ་ལྟ་བུའི་སེམས་བྱས་ན། །གནས་སྐབས་དེ་བྱས་མངོན་པར་མ་གྱུར་ཀྱང་། །ནམ་ཕུག་ཇེ་དམའ་མི་འགྲོ་རང་ས་ཟིན། །དེ་བས་དུས་ཀུན་བློ་གདེང་བསྲན་པ་གལ། །དུས་ཚོད་མཐོང་བའི་སྐྱོ་བས་ཡིད་ཁྲེལ་ཏེ། །དུས་སུ་བསྐུལ་ནས་གང་དྲན་སྨྲས་པ་ལ། །སྨྱོན་ངག་བཞིན་དུ་གལ་ཆུང་མ་མཛད་པར། །ཡང་ཡང་བསམ་ན་ཕན་པ་སྲིད་ཀྱང་ཐང་། །བླ་མ་བློ་ལྡན་མཆོག་སྲེད་མཁྱེན་པའི་ལྷ། །འཇམ་དཔལ་ཞི་དང་ཁྲོ་བོའི་བྱིན་རླབས་མཐུས། །གང་ལ་གདམས་པ་དེ་ཡི་སྙིང་དབུས་སུ། །བློ་གྲོས་ལེགས་ལམ་སྣང་བ་འབར་གྱུར་ཅིག །མི་ཕམ་པས་སོ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།