བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ལ་བསྟོད་པ་ངག་རིག་དབྱངས་ཀྱི་མཆོད་པ།

༄༅།།བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ལ་བསྟོད་པ་ངག་རིག་དབྱངས་ཀྱི་མཆོད་པ་མཐའ་ཡས་ཞིང་ཀུན་ཁྱབ་པའི་སྤྲིན་ཞེས་བྱ་བ།།

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ།  ༡ ཆོས་དབྱིངས་སྐྱེ་བ་མེད་པའི་ཡེ་ཤེས་ཁམས། །ཁྱབ་བརྡལ་ལྷུན་གྲུབ་ཁ་སྦྱོར་བདུན་གྱི་བདག །གང་འདུལ་མོས་ངོར་སྒྱུ་འཕྲུལ་དྲྭ་བའི་སྐུ།  །སྐུ་གསུམ་འདུས་ཞལ་དཔལ་མགོན་བླ་མར་འདུད། ༢ གང་གི་རང་བཞིན་ཡེ་ཤེས་ཆེན་པོ་སྐུ་དང་གསུང་མཆོག་ཐུགས་རྡོ་རྗེ། །བསམ་གྱིས་མི་ཁྱབ་དེ་བཞིན་ཉིད་དབྱིངས་དཔག་ཡས་ཡོན་ཏན་རྒྱ་མཚོའི་མཛོད། །ཚུར་མཐོང་བློ་ཡིས་གཞལ་བྱ་མ་ཡིན་སྒྲ་དང་བརྗོད་པའི་ཡུལ་ལས་འདས། །དེ་ལྟ་ནའང་དད་པའི་བློ་མཚོར་ཅི་ཙམ་འཆར་ལ་བསྟོད་པར་བགྱི། ༣ དགྱེས་འཛུམ་ཟླ་བ་གསར་བའི་ལང་ཚོ་ཅན། །རྗེས་ཆགས་བརྩེ་བའི་སྤྱན་རས་མ་ཟུམ་པ། །དྭངས་པའི་ཡིད་མཁར་རྩེན་པའི་ཡེ་ཤེས་སྐུ། །གསལ་སྟོང་འོད་ལྔའི་ཀློང་ནས་སླར་ཡང་དགོངས།  །

WechatIMG36.jpeg

༤ མགོན་ཁྱེད་བགྲང་ཡས་བསྐལ་བའི་སྔོན་རོལ་ནས། །སྤངས་རྟོགས་མཐར་ཕྱིན་སྟོབས་བཅུའི་བདག་ཉིད་དུ། །མངོན་པར་བྱང་ཆུབ་གོ་འཕང་མཆོག་བརྙེས་ཀྱང་། །སྲིད་པར་སྨོན་པས་འཇུག་ལ་ཐེ་ཚོམ་ཅི། ༥ དེ་ཕྱིར་རྒྱལ་བ་མཆོག་དང་རྒྱལ་སྲས་ཀྱི། །གསང་གསུམ་ཡོན་ཏན་མཐའ་ཡས་མི་ཟད་པ། །རིང་ནས་ལྷན་སྐྱེས་པདྨའི་དྲི་བསུང་བཞིན། །འཕགས་པའི་རྟགས་ཀྱི་མཚན་མ་ཡོངས་སུ་རྫོགས། ༦ དེ་ནི་ཐོག་མ་ཉིད་ནས་སྲིད་པ་དང་། །སྲིད་པའི་ཡོ་བྱད་དག་ལ་མ་ཆགས་པ། །སྦྱངས་པའི་ཡོན་ཏན་དཀའ་ཐུབ་ལ་གནས་པ། །ཐུབ་པའི་གནས་བརྟན་དགྲ་བཅོམ་ཆེན་པོའི་ཚུལ། ༧ གང་ཞིག་འཁོར་བར་ཡིད་འབྱུང་འགོག་པ་ལ། །ཆགས་པའི་བློ་ཅན་དམན་པའི་ཐར་བ་ལས། །ཡོངས་སུ་འདས་པ་དཔའ་བོ་ཆེན་པོ་སྟེ། །བྱང་སེམས་འཕགས་པའི་ས་ལམ་མངོན་རྟོགས་རྫོགས། ༨ དེས་ནི་ལུས་དང་ལོངས་སྤྱོད་དགེ་ཚོགས་དངོས། །བདག་ཏུ་འཛིན་པའི་འཁྲི་བ་ཀུན་བཅད་ཅིང་། །ཆོས་དང་ཟང་ཟིང་གཏོང་བ་ཆེན་པོ་ལ། །གོམས་པའི་སྤྱོད་པ་རབ་དགའི་རྒྱལ་སྲས་བཞིན། ༩ འདི་ལ་ཆོས་བརྒྱད་རྡུལ་གྱིས་མ་གོས་ཤིང་། །ཐེག་པ་གསུམ་གྱི་སྡོམ་པས་བཙུན་པ་སྟེ། །ཉེས་སྤྱོད་ཕྲ་མོས་ནམ་ཡང་བརྫི་མིན་པ། །ཚུལ་ཁྲིམས་ཕར་ཕྱིན་གཉིས་པའི་ས་བ་བཞིན། ༡༠ རྒྱལ་སྲས་མཆོག་འདིས་བཟོད་པའི་དཀའ་ཐུབ་ལ། །ནམ་ཡང་མི་ཉམས་སྒྲུབ་པ་ལྷུར་ལེན་ཞིང་། །དགྲ་གཉེན་བར་མའི་འགྲོ་བ་ཐ་དད་དུ། །འབྱེད་པ་མི་དམིགས་བྱམས་པའི་ཏིང་འཛིན་བརྟན། ༡༡ དཔའ་ཆེན་གང་དེས་ཆེར་སྙིགས་དུས་ཀྱི་མཐར། །རླབས་ཆེན་གཞན་དོན་སྤྱོད་པ་ལྷུར་ལེན་པར། །བརྩོན་པ་མི་ངལ་སྙིང་སྟོབས་གོ་ཆའི་རྫོང་། །གཅིག་ཏུ་སྲ་བ་དཔའ་བོ་ཆེན་པོའི་ཚུལ། ༡༢ རྣལ་འབྱོར་མཆོག་དེ་མཉམ་རྗེས་དབྱེར་མེད་ངང་།  །བསམ་གཏན་མི་གཡོ་ཉིན་མཚན་འོད་གསལ་དུ། །འདྲེས་པའི་མ་ཐལ་སྣང་ཞེན་ཡོངས་དག་པ། །སྣང་བཞི་མཐར་ཕྱིན་ཆོས་ཉིད་ཟད་སར་ཕྱིན། ༡༣ གང་ལ་སྒྲིབ་པ་མེད་པའི་ཡང་དག་ཐུགས། །མཁྱེན་པའི་ཡེ་ཤེས་ནང་ནས་རྩལ་རྫོགས་པས། །ཇི་སྙེད་མཁྱེན་ཅིང་ཇི་ལྟའི་དོན་གཟིགས་པ།  །འབྲས་བུའི་སར་གཤེགས་ཤེས་རབ་ཕར་ཕྱིན་རྫོགས། ༡༤ དེ་ལྟའི་གསང་གསུམ་ཡོན་ཏན་ཕུང་པོ་དཔག་ཡས་མི་ཟད་མཛོད་འཛིན་པའི། །དགེ་བའི་བཤེས་གང་རྒྱལ་བ་ཀུན་དང་དབྱེ་བ་མེད་པའི་རང་བཞིན་སྟེ། །རྒྱལ་སྲས་སྤྱོད་པའི་ཡོན་ཏན་རྒྱ་མཚོ་མ་ལུས་གཅིག་ཏུ་བསྡམས་པའི་ཚུལ། །ཇི་བཞིན་བརྗོད་པ་ཕྱོགས་སུ་མ་ཞེན་གཅམ་བུའི་ངག་གིས་དེ་བས་མིན། ༡༥ ཨེ་མ་སེམས་དཔའ་མཆོག་དེ་ཡིས། །དཀའ་ཐུབ་སྤྱོད་པའི་སྒྲུབ་ཚུགས་ནི། །བཞད་པ་རྡོ་རྗེ་གཉིས་པ་ཞེས། །གངས་ཀྱི་རི་བོའི་ཁྲོད་ན་གླེང་། ༡༦ དེ་ལ་རྙེད་བདེ་གྲགས་བསྟོད་སོགས། །ཆོས་བརྒྱད་དྲི་མས་མ་གོས་པ། །རང་བཞིན་དག་པའི་གསེར་བཞིན་དུ། །དམ་པའི་འོད་སྟོང་ལྷག་ཏུ་འཚེར། ༡༧ གང་ལ་ཉེས་ཚོགས་མི་མངའ་བའི། །སྐྱེས་བུ་མཆོག་དེ་སེང་གེ་བཞིན། །འཇིགས་པ་མེད་པའི་གད་རྒྱངས་སྒྲས། །བཅོས་མའི་རི་དྭགས་སྐྲག་པར་བྱེད། ༡༨ དེ་ལྟ་ནའང་བཟང་པོའི་དྲི། །རླུང་གིས་ཁྱེར་བའི་རྫི་ཕྱོགས་སུ། །ངང་གིས་འཁོར་བའི་སྐལ་ལྡན་དག །པདྨའི་ཚལ་ན་བུང་བ་བཞིན། ༡༩ ཀྱེ་ཧོ་ཆེར་སྙིགས་དུས་ཀྱིས་རྒུད་པས་ཐུབ་བསྟན་གསེར་གྱི་རི་བོ་མཆོག །ཁ་བའི་ལྗོངས་སུ་འོད་དུ་འཚེར་བ་མུན་པའི་སྨག་ལ་དྲངས་གྱུར་ཚེ། །བཤད་དང་སྒྲུབ་པའི་ཆོ་ག་གསར་བས་བྱི་དོར་བགྱིད་པའི་དྲང་སྲོང་ཞིག  །མདོ་ཁམས་གསེར་ལྡན་སྒེག་མོའི་ཕང་པར་ངལ་བ་མེད་པའི་བརྟུལ་ཞུགས་འཛིན། 

WechatIMG37.jpeg

༢༠ བདག་ཀྱང་ཆེན་པོའི་མཚན་དང་མང་པོའི་འཁོར། །གྲགས་པའི་རྗེས་སུ་འབྲང་བས་ཅང་མིན་པར། །ངེས་དོན་ཆོས་ཀྱི་བཤེས་གཉེན་དམ་པའི་ཞལ། །མཇལ་བར་དཀོན་པའི་དད་སྟོབས་ཉིན་བཞིན་འཕེལ། ༢༡ དངོས་འབྱོར་དཔལ་གྱིས་ལྷ་ཡུལ་འགྲན་པ་ནུབ་ཕྱོགས་དབྱིན་ཇི་ལཱོན་ཌོན་གྲོང་། །དེང་རབས་སྐྱེ་བོས་སྨོན་པའི་ཡུལ་གྱུར་དབྱིན་སྐད་སྦྱང་པ་རྒྱང་དུ་བསྐྱུར། །ཆོས་ཀྱི་ཞིང་ས་འཕགས་པའི་ཡུལ་དེར་དམ་པས་སྟོང་བ་མ་ཡིན་ཡང་། །ཧི་མ་ལ་ཡི་རི་ཚོགས་བརྒལ་ཏེ་བཤེས་གཉེན་མཆོག་དེའི་ཞབས་སུ་བཏེགས། ༢༢ གང་གི་མཚན་དང་རྣམ་ཐར་ཐོས་པས་ཀྱང་། །འཁོར་བར་ཡིད་འབྱུང་སྲིད་པའི་སྣང་ཤེས་འགག  །དགེ་བའི་བློ་ལ་དད་པའི་སྟོབས་འཕེལ་ན། །མངོན་སུམ་རྗེས་སུ་འཛིན་པས་སྨོས་ཅི་དགོས། ༢༣ འདི་ནི་བསྐལ་བར་བསགས་པའི་བསོད་ནམས་ཀྱི། །ལེགས་བྱས་རྣམ་པར་འཕེལ་བའི་དགེ་ཚོགས་རྒྱུན། །རྟེན་འབྱུང་སྨོན་པས་བསྐྱེད་པའི་འབྲས་བུ་སྟེ། །རབ་དགའི་སྤྲོ་བ་ད་དུང་ཉིན་བཞིན་འཕེལ། ༢༤ གང་དེའི་ཐུགས་རྗེའི་འཇུག་པ་མ་ཡོལ་བའི། །ལེགས་བཤད་གསུང་གི་ཟེགས་མ་རེ་རེས་ཀྱང་། །ཆོས་ཕུང་བརྒྱད་ཁྲིའི་གདམས་པ་ཉམས་ལེན་གྱི། །གནད་དུ་དྲིལ་ལ་བཀའ་གདམས་གོང་མ་བཞིན། ༢༥ བཀའ་བསྟན་སྤྱི་དང་ཁྱད་པར་དབུ་མའི་གཞུང་། །གསང་སྔགས་སྤྱི་དང་ཡང་སྒོས་ནང་རྒྱུད་གསུམ། །སྒྲུབ་བརྒྱུད་སྤྱི་དང་གསང་ཆེན་སྔ་འགྱུར་པའི། །ལྟ་བའི་ཟབ་གནད་སྟོན་ལ་རོང་ཀློང་བཞིན། 

WechatIMG34.jpeg

༢༦ གང་ལ་རྒྱལ་བའི་སྲས་པོ་གཞན་ཕན་པ། །སེམས་དཔའ་འཇིགས་མེད་ཆོས་ཀྱི་དབང་པོ་ནས། །སྨྲ་བའི་སེང་ཆེན་མི་ཕམ་བོད་སྤྲུལ་སོགས། །སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་མངའ། ༢༧ ཕྱོགས་རེའི་གཞུང་གི་འཆད་པ་མ་ཡིན་མདོ་སྔགས་རྒྱ་མཚོའི་དགོངས་པ་འགྲེལ། །བསྡུས་ཚད་རིགས་པའི་རྩོད་པ་མ་ཡིན་དོན་དམ་སྙིང་པོའི་གནས་ལ་དཔྱོད། །ཀུན་རྟོག་སྤེལ་བའི་རྩོམ་པ་མ་ཡིན་སྙིང་པོའི་ཟབ་གནད་གདམས་པར་སྟོན། །ངེས་དོན་མཁས་པའི་དབང་པོ་མཆོག་དེ་རྟོན་པ་རྣམ་བཞིའི་གནད་ལ་འབྱོར། ༢༨ ཐོས་པས་རང་རྒྱུད་མ་དུལ་ཁ་ཆོས་མིན། །བསམ་པ་གནད་དུ་མ་དྲིལ་རྟོག་གེ་མིན། །སྒོམ་པ་སྟོང་འཛིན་མ་ཡིན་འོད་གསལ་ངང་།  །ཡང་དག་གྲུབ་པའི་མཆོག་གཅིག་འདི་ན་མཇལ། ༢༩ གང་འདི་དུས་ཀྱི་སྨག་རུམ་བསལ་ལ་བསྟན་པའི་སྒྲོན་མེ་གསོན་པོ་ཞིག །མཁྱེན་དང་བརྩེ་བའི་འོད་སྣང་འགྱེད་ལ་ཟླ་བ་གསར་པའི་དཀྱིལ་འཁོར་བཞིན། །ཐུབ་བསྟན་ལུང་རྟོགས་འདབ་བརྒྱ་བཞད་ཅིང་ཕྲིན་ལས་འོད་ཀྱི་ཉག་མ་རེས།  །གདུལ་བྱ་རྣམ་གྲོལ་བྱང་ཆེན་ལམ་ལ་བཀོད་པའི་ཐུགས་རྗེའི་མཐའ་མི་དཔོག ༣༠ ཐ་མའི་མཛད་པ་ཟག་མེད་དབྱིངས་སུ་མི་གནས་མྱ་ངན་འདས་པའི་ཚུལ། །ཚུར་མཐོང་བློ་ཡིས་ཐེག་པར་མ་གྱུར་སྡུག་བསྔལ་ལྕིད་ཀྱིས་རབ་ནོན་ཡང་། །གང་ལ་གཤེགས་དང་བཞུགས་པ་མི་དམིགས་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན། །ངེས་དོན་རིག་སྟོང་བླ་མའི་རང་ཞལ་དུས་ཀུན་མཇལ་ལ་སྒྲིབ་པས་དབེན། ༣༡ རྣམ་པ་དེ་ལྟའི་ངོ་མཚར་རྟོགས་བརྗོད་ངག་རིག་དབྱངས་ཀྱི་མཆོད་པའི་གླུ། །རྒྱལ་བའི་ཞིང་ཁམས་མཐའ་ཡས་མི་ཟད་བཀོད་པས་འཕགས་པའི་ཞིང་ཀུན་ཏུ། །ཚངས་པའི་དབྱངས་ལྟར་སྙན་པས་ཁྱབ་ཅིང་སྲས་བཅས་རྒྱལ་བ་དགྱེས་བསྐྱེད་དེ། །བསོད་ནམས་དགེ་ཚོགས་མི་ཟད་སྤྲིན་ཆར་འགྲོ་ཀུན་བདེ་བའི་དཔལ་དུ་ཤོག ༣༢ བདག་ཀྱང་སྐྱེ་བའི་སྲིད་པ་ཀུན་ཏུ་ཐེག་ཆེན་ཆོས་དང་དགེ་བའི་བཤེས། མཇལ་བ་མི་ཕྱེད་དད་པས་རབ་བསྟེན་ཟབ་རྒྱས་ཆོས་ཀྱི་བདུད་རྩི་འཐུང་། །རྡུལ་བྲལ་རྣམ་འབྱེད་ཆོས་ཀྱི་མིག་རྙེད་ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་སྟེ། མཁའ་མཉམ་འགྲོ་ཀུན་སྐུ་བཞིའི་རྒྱལ་སར་དབུགས་འབྱིན་ཆེན་པོའི་མཐུ་ཐོབ་ཤོག། ཅེས་པའང་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་བྱ་བྲལ་བླ་མ་ཆོས་དབྱིངས་ཁྱབ་བརྡལ་མཆོག་གངས་རིའི་ལྗོངས་སུ་སྐུ་བལྟམས་ནས་ལོ་ངོ་བརྒྱ་ཕྲག་འཁོར་བའི་དུས་དྲན་ལ། གདན་ས་ཆོས་སྒར་གྱི་བཞེད་དོན་མཆེད་གྲོགས་མཁན་པོ་ཤེས་བྱ་ཀུན་གཟིགས་བརྒྱུད་ནས་བསྐུལ་དོན་ལྟར་ལྷུག་པའི་ཚིག་གིས་བྲིས་པ་ཡང་དུ་ཚིགས་སུ་བཅད་པའི་ལམ་ནས་དགོས་པ་ནན་གསུངས་ལྟར་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་དུ། ༧ གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་རྡུལ་སྤྱི་བོས་ལེན་པ་བསྟན་འཛིན་ལུང་རྟོགས་ཉི་མས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་དབྱར་ཁར་ཙི་ནའི་གྲོང་ཁྱེར་ཧྲང་ཧེ་ནས་འཕྲལ་མར་བྲིས་ཏེ་ཕུལ་བའོ།། །།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།