ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་རླབས་ལ། བྷྱོཿ དབྱིངས་ཀྱི་རྒྱལ་མོ་ཡེ་ཤེས་མཁའ་འགྲོའི་གཙོ། །རིག་འཛིན་དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ། །རྒྱལ་བ་ཀུན་གྱི་ཡུམ་གཅིག་སྨན་མོའི་ཚུལ། །འབྱུང་བ་ནམ་མཁའི་ཁམས་ལ་དབང་བསྒྱུར་མ། །དབྱིངས་ཕྱུག་མ་ཡི་ངོ་བོ་རྣམ་པར་དག །བདེ་ཆེན་དགའ་བཞིའི་ཡེ་ཤེས་མངོན་གྱུར་པའི། །དབྱིངས་རིག་ཡིད་ལ་སྟེར་བའི་མཛའ་ན་མོ། །དབུས་ཕྱོགས་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །འབྱུང་བ་ས་ཡི་ཁམས་ལ་དབང་བསྒྱུར་མ། །སངས་རྒྱས་སྤྱན་མའི་ངོ་བོ་རྣམ་པར་དག །རང་བྱུང་རིག་པའི་ཡེ་ཤེས་རྩལ་ཤར་བས། །པྲ་ཡི་ལྷ་མོ་མཐིང་གུ་ཞལ་བཟང་མ། །འབྱུང་བ་ཆུ་ཡི་ཁམས་ལ་དབང་བསྒྱུར་མ། །མ་མ་ཀཱི་ཡི་ངོ་བོ་རྣམ་པར་དག །དོན་དམ་རྡོ་རྗེའི་བཙུན་མོའི་རྣམ་རོལ་གྱིས། །གཏེར་གྱི་ལྷ་མོ་ཅོད་པཎ་མགྲིན་བཟང་མ། །འབྱུང་བ་མེ་ཡི་ཁམས་ལ་དབང་བསྒྱུར་མ། །གོས་དཀར་མོ་ཡི་ངོ་བོ་རྣམ་པར་དག །གཟུགས་སྲིད་ལང་ཚོའི་བཀྲག་མདངས་ཀུན་གྱི་བདག །ནོར་གྱི་བདག་པོ་མི་གཡོ་གླང་བཟང་མ། །འབྱུང་བ་རླུང་གི་ཁམས་ལ་དབང་བསྒྱུར་མ། །དམ་ཚིག་སྒྲོལ་མའི་ངོ་བོ་རྣམ་པར་དག །སྣ་ཚོགས་སྣང་བ་རྟེན་འབྲེལ་ཀུན་གྱི་བདག །ཕྱུགས་ཀྱི་ལྷ་མོ་ཏལ་དཀར་འགྲོ་བཟང་མ། །ཅིར་སྣང་དག་པར་འཆར་བའི་ཡེ་ཤེས་ལྔ། །ཕྱི་ལྟར་བརྟན་མ་མཁའ་འགྲོ་ཡོངས་ཀྱི་གཙོ། །ནང་ལྟར་འབྱུང་ལྔ་རྣམ་དག་མཁའ་འགྲོ་མ། །གསང་བ་རིག་ལྔའི་ཡུམ་ཆེན་མཁའ་འགྲོ་ལྔ། །བདག་ཅག་བཀྲེས་ཕོངས་དབུལ་བའི་སྡུག་བསྔལ་གྱིས། །རབ་ཏུ་མནར་བའི་སྐྱབས་བྲལ་མགོན་མེད་རྣམས། །ལྷ་མཆོག་ཁྱེད་ཀྱི་ཐུགས་དམ་མ་གཡེལ་བར། །སྔོ་གྱི་ཐ་ཚིག་གཉེན་པོ་རྗེས་དགོངས་ལ། །སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ནས། །བརྟན་གཡོའི་དཔལ་འབྱོར་བསོད་ནམས་དབང་ཐང་གཡང་། །གླིང་དང་གླིང་ཕྲན་རི་རྒྱལ་ལྷུན་པོའི་གཡང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་གཡང་། །འབྱུང་བ་ལྔ་ཡི་དྭངས་མ་བཅུད་ཀྱི་གཡང་། །འཁོར་དང་བུ་སློབ་དགེ་འདུན་རྒྱས་པའི་གཡང་། །མཁས་གྲུབ་སྡོམ་གཙང་བཤེས་གཉེན་བྱིན་ནུས་གཡང་། །རིགས་རྒྱུད་ཚེ་ནོར་སྙན་དང་གྲགས་པའི་གཡང་། །ནོར་བུ་སྣ་ཚོགས་རྣམ་མང་རྒྱ་མཚོའི་གཡང་། །གསེར་དངུལ་ལ་སོགས་རིན་ཐང་ཆེ་ཡི་གཡང་། །གོས་དང་ཟ་འོག་དར་ཟབ་སྣ་ཚོགས་གཡང་། །ཨ་བར་སྐྱུར་གསུམ་ལ་སོགས་སྨན་གྱི་གཡང་། །འཚོ་ཡི་དཔལ་གཏེར་སྣ་ཚོགས་འབྲུ་ཡི་གཡང་། །མ་ད་ན་དང་དཀར་གསུམ་མངར་གསུམ་གཡང་། །ཁྲབ་རྨོག་རལ་གྲི་གོ་དང་མཚོན་གྱི་གཡང་། །སེངྒེ་སྟག་གཟིགས་དོམ་དྲེད་གཅན་སྤྱང་གཡང་། །ཤ་རྐྱང་མ་ཧེ་འབྲོང་སོགས་རི་དྭགས་གཡང་། །རྟ་མཆོག་བ་ལང་མཛོ་དྲེལ་རྣམས་ཀྱི་གཡང་། །དུང་དང་ཆུ་སྲིན་བརླན་གཤེར་གནས་པའི་གཡང་། །རྨ་བྱ་ཁྲུང་ཁྲུང་ལ་སོགས་འདབ་ཆགས་གཡང་། །མདོར་ན་སྣང་སྲིད་རྣམ་པར་དག་པའི་ཞིང་། །ཀ་ཆ་དཀོར་ཆ་ལོངས་སྤྱོད་རྒྱ་མཚོའི་ཚོགས། །མི་ཟད་ནམ་མཁའི་མཛོད་ཀྱི་དཀོར་ཆ་རྣམས། །དེང་འདིར་སྒྲུབ་གནས་གཡང་གི་ར་བ་འདིར། །སྲིད་ཞིའི་ཕྱྭ་གཡང་ཐམས་ཅད་འདིར་ཁུག་ལ། །བསམ་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །
ཅེས་པ་འདིའང་བླ་མ་ཀུན་བཟང་བློ་གྲོས་ནས་ཡང་ཡང་བསྐུལ་བའི་ངོར།འཆི་མེད་གྲུབ་པའི་དགའ་ཚལ་ནས་རྫོགས་སྤྲུལ་སྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལྷག་པའི་བསམ་པ་བཟང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།