༄༅།།བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་བྱིན་རླབས་རྒྱ་མཚོའི་སྤྲིན་ཞེས་བྱ་བ་བཞུགས་སོ།།

timg-1.jpeg

ཧཱུྃ་ཧྲཱི༔ ཁྱབ་བདག་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་། །རིགས་ལྔ་ལོངས་སྐུ་རྒྱལ་བ་འོད་དཔག་མེད། །རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།  །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སེང་ཧཱ་རང་བྱུང་པདྨ་འབྱུང་། །མནྡ་ར་བ་མཚོ་རྒྱལ་གསང་བའི་ཡུམ། །ཁྲི་སྲོང་ལྡེའུ་བཙན་ལྷ་སྲས་དམ་འཛིན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ཟབ་གཏེར་མངའ་བདག་སངས་རྒྱས་གླིང་པའི་ཞབས། །ཡེ་ཤེས་རྡོ་རྗེ་བློ་གྲོས་འགྲོ་བའི་མགོན། །པུཎྱེ་དྷརྨ་ཀརྨ་བྷ་དྲའི་མཚན། གྲུབ་མཆོག་བཟང་པོ་རིག་འཛིན་སྙིང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་ཆེན་དར་རྒྱས་ཀུན་བཟང་རང་གྲོལ་རྩལ། ཕྲིན་ལས་རྡོ་རྗེ་བསྟན་པའི་རྒྱལ་མཚན་དང་། འཁོར་ལོའི་མགོན་པོ་ངེས་དོན་བསྟན་འཛིན་ཞབས། །ནམ་མཁའ་ཚེ་དབང་རིག་འཛིན་བཟང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གྲུབ་པའི་དབང་ཕྱུག་པདྨ་འགྲོ་འདུལ་རྩལ། །པདྨ་བཀྲ་ཤིས་མི་འགྱུར་ནམ་མཁའི་མཚན། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དང་། །པདྨ་བཛྲ་ཀུན་བཟང་ཐེག་མཆོག་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོས་ཀྱི་རྡོ་རྗེ་གར་དབང་འགྲོ་འདུལ་རྩལ། །ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་ཉི་མ་སོགས། །དགོངས་བརྡ་སྙན་བརྒྱུད་བརྒྱུད་སྲོལ་ཀུན་འདུས་པའི། །བྱིན་རླབས་ཀུན་འབྱུང་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ་རྩལ། །དབང་ཆེན་རྟ་མགྲིན་རྡོ་རྗེ་ཕག་མོ་དང་། །ཞི་ཆགས་ཁྲོ་ཚུལ་དགོངས་པ་འདུས་པའི་ལྷ། །འཕྲིན་ལས་ཀུན་སྒྲུབ་མཁའ་འགྲོ་ཆོས་སྲུང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ངེས་འབྱུང་བློ་ཡི་ཞིང་ས་གཤིན་པོ་ལ། །བྱང་ཆུབ་སེམས་ཀྱིས་མྱུ་གུ་ལེགས་འཁྲུངས་ཤིང་། །གསང་ཆེན་སྨིན་གྲོལ་སྙིང་པོའི་ཉམས་ལེན་གྱིས། །ཚེ་འདིར་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །གཞི་རྒྱུད་དག་པ་སེམས་ཉིད་གསལ་སྟོང་སྐུ། །ལམ་རྒྱུད་བསྐྱེད་དང་རྫོགས་པས་སྨིན་བྱས་ཏེ། །འབྲས་རྒྱུད་སྐུ་དང་ཡེ་ཤེས་མངོན་གྱུར་ཏེ། །ཁྱབ་བདག་གདོད་མའི་མགོན་དུ་སངས་རྒྱས་ཤོག། །

ཅེས་གྲུབ་དབང་རྫོགས་ཆེན་པའི་གདན་སར་དགོངས་འདུས་སྒྲུབ་ཆེན་གསར་འཛུགས་སྐབས་ཉེར་མཁོའི་ཆ་ལག་ཏུ་བསྐུལ་དོན་བཞིན་བསྟན་འཛིན་ལུང་རྟོགས་ཉི་མས་འཕྲལ་མར་བྲིས་པ་དགེའོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།