༄༅། །གུ་རུ་མཚོ་སྐྱེས་རྡོ་རྗེར་བསྟོད་པ་ཐུགས་རྗེ་མྱུར་འཇུག་ཤིང་རྟ།

1556160363235644.jpg

༄༅། །ན་མ་སྟྲི་ཀཱ་ལ་བུདྡྷ་པདྨ་ཀ་རཱ་ལ། གངས་རིའི་ར་བས་བསྐོར་བའི་ལྗོངས་ཀྱི་བསྟན་དང་འགྲོ་ལ་ལྷག་པར་བཀའ་དྲིན་མཐའ་ཀླས་པའི་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་ཐུགས་རྗེ་མྱུར་འཇུག་གི་ཤིང་རྟ་ཞེས་བྱ་བ།  གདོད་མའི་མགོན་པོ་ཀུན་བཟང་འགྲོ་ལ་རྗེས་ཆགས་ཀྱི་ཟློས་གར་ཅན་པདྨ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་ལོ། །མི་འགྱུར་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་དྲ་བའི་གར། །གྲངས་མེད་སྤྲུལ་སྐུའི་གཟུགས་སུ་ཡོངས་ཤར་བའི། །དུས་གསུམ་རྒྱལ་བ་ཀུན་དངོས་པདྨ་འབྱུང་། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །ཀླུ་རྒྱལ་ཁང་བརྩེགས་སྟེང་གྱུར་སིནྡྷའི་མཚོར། །སྦྲང་རྩིའི་རྒྱལ་མཚན་རྣམ་པར་བཞད་པའི་རྩེར། །རྫུས་ཏེ་སྐྱེ་བའི་ཆོ་འཕྲུལ་སྟོན་མཛད་པའི། །མངལ་གྱི་དྲི་བྲལ་མཚོ་སྐྱེས་རྡོ་རྗེའི་དཔལ། །སྡེ་བཞི་ཡོངས་རྫོགས་ཨཽ་ཊི་ཡཱ་ན་ཡི། །སྟོབས་ལྡན་རྒྱལ་པོར་གྱུར་ཚེ་སྲིད་འབྱོར་ཀུན། །རྟེན་འབྲེལ་སྒྱུ་མའི་རོལ་པར་ཡོངས་ཤར་བའི། །ས་སྐྱོང་དམ་པའི་དབང་ཕྱུག་ཐོར་ཅོག་ཅན། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །ཚུ་རོལ་ཕྱོགས་ཀྱི་གསང་བའི་ཚལ་ཆེན་པོར། །སྦྱོར་སྒྲོལ་མ་ལུས་གྲུབ་པའི་རྫུ་འཕྲུལ་གྱིས། །ཌཱ་ཀི་མ་ཚོགས་བྲན་དུ་རབ་འཁོལ་བའི། །དབང་གི་མཐུ་ལྡན་ཤནྟ་རཀྵི་ཏ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །འཇིགས་རུང་དུར་ཁྲོད་ཀུན་ཏུ་གསང་སྔགས་ཀྱི། །ཉེ་ལམ་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་གཟིས། །མཁའ་འགྲོའི་བྱིན་རླབས་པད་ཚལ་ཡོངས་བཞད་པས། །དྲེགས་པ་ལས་འཁོལ་རྡོ་རྗེ་དྲག་པོ་རྩལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །ཆོས་ཀུན་རྗེན་པར་འཆར་བའི་མཁྱེན་པའི་མཁར། །བསླབ་སྦྱང་རིག་པར་བྱ་བའི་ཡུལ་བྲལ་ཡང་། །པྲ་བྷ་ཧ་སྟིར་ཡོ་གའི་ཟབ་དོན་ཆོས། །ཉན་པའི་ཚུལ་འཛིན་ཤཱཀྱ་སེང་གེ་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །ཕྱོགས་བྲལ་འཕགས་ཡུལ་མཁས་གྲུབ་ཐུགས་མཆོག་ལས། །ཐེག་པ་རིམ་དགུའི་བདུད་རྩིའི་ཟ་མ་ཏོག །ཕྱི་རབས་འགྲོ་ལ་ཉེར་དགོངས་ཐོས་བསམ་གྱིས། །གནས་ལྔ་མཁྱེན་པ་བློ་ལྡན་མཆོག་སྲེད་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །གཞོན་གཞིག་དང་བྲལ་མ་ར་ཏི་ཀའི་ཕུག །མི་འགྱུར་གནས་སུ་ཚེ་དཔག་མེད་མགོན་གྱི། །བྱིན་རླབས་ཐུགས་མཚོར་འཕོས་པས་རྡོ་རྗེའི་སྐུ། །ཡོངས་འགྲུབ་ཚེ་དབང་རིག་འཛིན་པདྨ་འབྱུང་། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །བདེ་བའི་ཉམས་སྟེར་རང་རིག་ཕྱག་རྒྱའི་གར། །དབྱེར་མེད་སོ་སོར་ཤར་བའི་སྣང་བརྙན་གྱིས། །ཟ་ཧོར་རྗེ་བློན་མ་ལུས་ཐེག་པ་ཆེའི། །ཆོས་ལ་འགོད་མཛད་པདྨ་སམྦྷ་ཝ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །འཁྲུལ་པའི་ཚ་གདུང་སེལ་ཕྱིར་མེ་དཔུང་ཡང་། །དལ་འགྲོའི་ཀླུང་དུ་བསྒྱུར་བས་འབྱུང་པོའི་དབང་། །འཁོར་བཅས་ཐར་པའི་ཁང་བཟང་ཉམས་དགའ་བར། །འགོད་མཛད་སྲས་མཆོག་པདྨ་རྒྱལ་པོ་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །མཁའ་འགྲོའི་ལུང་ཐོབ་མཁྱེན་བརྩེ་ནུས་པའི་མཐུས། །མི་བསྲུན་གླགས་བལྟའི་སེམས་འཆང་མུ་སྟེགས་སྡེ། །མངོན་པར་བཅོམ་པས་མི་ཟད་ང་རོའི་རྒྱུན། །དབྱངས་སུ་ལེན་མཁས་སེང་གེ་སྒྲ་སྒྲོག་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །རིང་ནས་མཆོག་འགྲུབ་དམན་ངོར་ཡང་ལེ་ཤོད། །ཡང་དག་སྒྲུབ་འཚེའི་བདུད་དཔུང་ཕུར་པ་ཡི། །གླེགས་བུས་ལྷག་མར་བཅོམ་ཚེ་རྒྱ་བལ་བོད། །ཕན་བདེས་ཁྱབ་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །ངན་པའི་ཡིད་འཆང་ལྷ་སྲིན་ལྕགས་ཀྱི་ཁམས། །རྒྱལ་བསྟན་ཆོས་བཞིན་སྐྱོང་བའི་གསེར་འགྱུར་རྩིས། །བོད་འབངས་བསོད་ནམས་ཞིང་མཆོག་གཙུག་ལག་ཁང་། །ལེགས་པར་བསྐྲུན་མཛད་པདྨ་ཀ་ར་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །མཆིམ་ཕུ་གསང་སྔགས་གཞལ་ཡས་ཁང་ཆེན་པོར། །བདེ་གཤེགས་ཞི་ཁྲོ་འདུས་པའི་དཀྱིལ་འཁོར་དུ། །ཚངས་པ་ལྷ་ཡི་མེ་ཏོག་རྗེ་འབངས་དགུ། །སྨིན་མཛད་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །སྟག་ཚང་སེང་གེར་ནག་པོའི་ཚོགས་ཀུན་བཅོམ། །མཆོག་ཐུན་སྒྲུབ་པའི་ཆོས་དང་ས་བཅུད་ནོར། །མི་འཇིག་སྒྲོམ་བུར་རྒྱས་བཏབ་སཱ་ལའི་ལྗོངས། །ཟབ་གཏེར་ཁྱབ་མཛད་རྡོ་རྗེ་གྲོ་ལོད་རྩལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །རླབས་ཆེན་སྤྲུལ་པའི་བྱེད་པོས་གངས་ཅན་ལྗོངས། །རི་ཕུག་ཨུ་རྒྱན་ཡུལ་མཚུངས་སྒྲུབ་གནས་སུ། །བྱིན་བརླབས་སྐུ་དང་ཕྱག་ཞབས་ངོ་མཚར་རྗེས། །བྲག་མཚོར་གསལ་བར་སྟོན་པའི་རྒྱལ་བའི་ཏོག །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །རང་སྣང་དག་པའི་དཀྱིལ་འཁོར་རྔ་ཡབ་ཀྱི། །གླིང་ཕྲན་དཔལ་གྱི་རི་བོར་འཕོས་འདྲ་བར། །སྲིན་པོའི་རྒྱལ་པོར་སྤྲུལ་པའི་ཐབས་མཁས་ཀྱིས། །དམ་ཆོས་སྣང་བ་རྒྱས་མཛད་མཚོ་སྐྱེས་རྗེ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །འགལ་རྐྱེན་ཀུན་སོལ་དངོས་གྲུབ་ཆར་ལྟར་ཕོབ། །དབང་བཞི་བསྐུར་ལ་སྡིག་སྒྲིབ་མ་ལུས་སྦྱོངས། །ཨ་ཏིའི་དོན་རྟོགས་གྲོལ་བར་བྱིན་གྱིས་རློབས། །ནམ་ཡང་འགོག་མེད་གང་གི་ཐུགས་རྗེའི་གཟུགས། །བདག་སོགས་འགྲོ་བའི་ཡིད་མཚོར་ཤར་བ་ལས། །སྡིག་སྒྲིབ་ནད་གདོན་ཚ་གདུང་ཀུན་བཅིལ་ནས། །འདོད་དོན་བསིལ་ཟེར་རྒྱས་པར་བྱིན་གྱིས་རློབས། །མཐའ་ཡས་ཚེ་རབས་འཛིན་མའི་ལྟོ་བ་རུ། །ཐེག་དགུའི་ཡང་སྙིང་གསང་སྔགས་དཔག་བསམ་ལྗོན། །རང་སེམས་ཆོས་སྐུར་འཆར་བའི་འབྲས་བུའི་རོས། །མི་འཛད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །གངས་ཅན་ལྷ་གཅིག་ཁྲི་སྲོང་ཡབ་སྲས་འབངས། །ཀུན་ལ་དྲུག་ཅུའི་དབྱངས་སྙན་གསུང་གི་སྒྲས། །ཞལ་གྱིས་འཆེས་ལྟར་བོད་འབངས་མ་ལུས་པ། །ཕན་བདེའི་འདོད་འཇོ་རྒྱས་པར་བྱིན་གྱིས་རློབས། །དེ་ལྟར་དགེ་བའི་བསོད་ནམས་ལྷུན་པོའི་རྩེར། །དོན་ཀུན་མ་ལུས་འགྲུབ་པའི་སྒོ་འཕར་བརྒྱ། །རྣམ་པར་ཕྱེ་ལས་བཀྲ་ཤིས་དབྱངས་ཀྱི་གླུ། །ནམ་ཡང་ཟད་མི་ཤེས་པའི་དཔལ་དུ་ཤོག །མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་ཐུགས་རྗེ་མྱུར་འཇུག་གི་ཤིང་རྟ་ཞེས་པ་འདི་ཡང་། ཆོས་རྗེ་ཨུ་རྒྱན་བསྟན་འཛིན་གྱིས་ཡུན་རིང་པོ་ནས་བསྐུལ་བ་དང་བཅས། ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཟ་ཧོར་གྱི་བནྡྷེ་ཝ་གཱི་ཤྭ་ར་སུ་དྷཱི་སཱ་ག་རས་འོལ་དགའ་སྟག་རྩེར་སྦྱར།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།