༈ ཨོཾ་ པོ་ཊ་ལ་ཡི་གནས་མཆོག་ནས།།
ཏཱཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་།།
ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ།།
སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ།།
ལྷ་དང་ལྷ་མིན་ཅོད་པན་གྱིས།།
ཞབས་ཀྱི་པདྨོ་ལ་བཏུད་དེ།།
ཕོངས་པ་ཀུན་ལས་སྒྲོལ་མཛད་མ།།
སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །
གེ་སར་བྱེ་བ་ལས་ནི་བྱུང་མ། །
ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །
རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །
པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །
མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །
རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །
ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །
འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །
ལུས་པ་མེད་པར་འགུགས་པར་ནུས་མ། །
ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །
འབྱུང་པོ་རོ་ལང་དྲི་ཟ་རྣམས་དང་། །
གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །
ཕྱལ་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །
གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །
མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །
ཕྱག་འཚལ་ཏུ་རེས་འཇིགས་པ་ཆེན་མོ། །
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །
དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །
སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །
མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །
རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །
དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །
བདུད་དང་འཇིག་རྟེན་དབང་དུ་མཛད་མ། །
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །
ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །
ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུྃ་གིས། །
ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །
ཕྱག་འཚལ་ཟླ་བ་དུམ་བུས་དབུ་བརྒྱན། །
བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །
རལ་པའི་ཁྲོད་གནས་འོད་དཔག་མེད་ལས། །
རྟག་པར་ཤིན་ཏུ་འོད་རབ་མཛད་མ། །
ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །
འབར་བའི་ཕྲེང་བའི་དབུས་ན་གནས་མ། །
གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། །
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །
ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །
ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །
རིམ་པ་བདུན་པོ་རྣམས་ནི་འགེམས་མ། །
ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །
སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །
སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །
དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །
ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །
རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །
ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །
ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །
རི་རབ་མན་དཱ་ར་དང་འབིགས་བྱེད། །
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །
ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །
དུག་རྣམས་མ་ལུས་པ་ནི་སེལ་མ། །
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །
ལྷ་དང་མིའམ་ཅི་ཡིས་བསྟེན་མ། །
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །
རྩོད་དང་རྨི་ལམ་ངན་པ་སེལ་མ། །
ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །
སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །
ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །
ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །
ཞི་བའི་མཐུ་དང་ཡང་དག་ལྡན་མ། །
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །
འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །
རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་།།
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།
རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་མ།།
མྱུར་མ་དཔལ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་སྟེར་རྣམ་རྒྱལ་རིགས་བྱེད་མ་དང་འཇིགས་བྱེད་མ།།
གཞན་གྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡིང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ།།
བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མཛད་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ།།
དཔག་མེད་གནོད་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད།།
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེའོ་རྗེ་བཙུན་མ།།
སེངྒེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་།།
ལྕགས་སྒྲོག་རྒྱ་མཚོ་ཤ་ཟས་འཇིགས་པ་རྣམས།།
ཞི་མཛད་ཟླ་བའི་འོད་ལྟར་གསལ་བའི་སྐུ།།
རྗེ་བཙུན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །
བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །
ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།