༄༅། །ཀུན་མཁྱེན་ངག་གི་དབང་པོའི་བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱངས་གླུ།

༄༅། །དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ་གནྡྷ་རབ་དགའི་རྒྱུད་མངས་ཀྱི་སྒྲ་ལས་དྲངས་པའི་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱངས་གླུ་ཞེས་བྱ་བ་བཞུགས་སོ།།

timg.jpeg

རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གདོད་མའི་མགོན་པོ་སྤྲོས་ཀུན་ཉེར་ཞི་མཆོག་ཏུ་མི་འགྱུར་ཁྱད་ཆོས་དྲུག་ལྡན་རྡོ་རྗེའི་ཁམས། །རྣམ་ཐར་བཞི་ལྡན་སྟོང་ཉིད་བདེ་ཆེན་སྙིང་རྗེའི་སྒེག་མོས་གདུལ་བྱའི་དོན་དུ་རབ་བསྐུལ་ལས། །དུ་མའི་བསྐལ་པ་བཟང་པོའི་སྔ་རོལ་ཕུན་ཚོགས་ལྔ་ལྡན་གཞི་སྣང་ཆེན་པོའི་ཞིང་ཁམས་དེར། །མངོན་རྫོགས་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། ། ། ༡ མགོན་ཁྱོད་ཐོག་མཐའ་མེད་པའི་སྔོན་རོལ་ནས། །སྤངས་རྟོགས་བཅུ་དྲུག་ཆ་ཤས་ཡོངས་རྫོགས་ཀྱང་། །བརྩེ་ཆེན་ཐུགས་རྗེས་མ་བཟོད་གདུལ་བྱའི་ངོར། །སྐྱེས་རབས་འཕེལ་འགྲིབ་རྣམ་ཐར་ཅིར་ཡང་འཆར། ། ༢ ཆོས་སྲིད་ཉི་ཟླའི་སྣང་བྱེད་ཤུགས་ཀྱིས་ཁམས་གསུམ་མུན་སེལ་ཁྲི་སྲོང་རྗེའི། །ཀུན་ད་བྱང་སེམས་མྱུ་གུ་གསར་པ་པདྨ་གསལ་དུ་སྤྲུལ་པའི་གར། །བསྒྱུར་བ་དེ་ཉིད་བགྲང་བྱའི་ཙཀྲ་གདེངས་ཅན་གྲངས་སུ་ཉེར་བསྡུས་ཚེ། །རང་བྱུང་པདྨ་སྙིང་ཐིག་བདག་པོར་དབུག་དབྱུངས་གཟེངས་བསྟོད་ཀློང་ཆེན་པ། ། ༣ ཚེ་དབང་རིག་འཛིན་ལུང་བསྟན་བདེན་པའི་དབྱར་གྱི་རྔ་གསང་འབིར་བ་ལས། །སྟོང་པའི་དབྱིངས་ལས་སྤྲུལ་པའི་གར་མཁན་རིན་ཆེན་ཚུལ་རྡོར་ཆར་ཟིམ་རྒྱུན། །བབས་པའི་ཚེ་ན་མཁའ་འགྲོའི་སྙིང་ཏིག་གཏེར་གྱི་མྱུ་གུ་བཞད་ནུས་པའི། །གཞི་ལམ་འབྲས་བུའི་དོན་བརྒྱུད་བདག་པོ་པདྨ་ལས་འབྲེལ་ཀློང་ཆེན་པ། ། ༤ ཐལ་འགྱུར་རྩ་རྒྱུད་རྨ་བྱའི་རུམ་ནས་འབྱུང་འགྱུར་ལུང་གི་ལྔ་ལྡན་སྒོ་ང་བརྡོལ་བ་ལས། །རུ་བཞིའི་ཆ་ལས་གཡོ་རུའི་འཛིན་མར་འབྲོམ་སྟོན་མཆོག་དབྱངས་རིགས་རུས་དྲོད་ཀྱིས་སྐྱེད་བསྲིངས་པ། །དུས་ཀྱི་ཕོ་ཉའི་ནུས་པ་རྫོགས་ཚེ་རབ་ལྔའི་ཕུར་བུའི་དབོ་ཟླའི་ཡར་ངོའི་ཚེས་བཅུའི་ཉིན། །ཐུབ་དབང་མཆོག་གི་སྤྲུལ་སྐུར་ཅོ་འདྲིའི་དགེ་མཚན་གཤོགས་རླབས་གཡོ་བཞིན་བལྟམས་པ་ཀློང་ཆེན་པ། ། ༥ དེ་ཚེ་འདོད་ཁམས་དབང་མོ་ནམ་གྲུ་མས། །ཕྱག་གིས་བླངས་ཤིང་འཕྲལ་རྐྱེན་མི་བསྲུན་བཅོམ། །སྐྱེ་བས་ཐོབ་པའི་མཁྱེན་རབ་ཕུལ་བྱུང་དང་། །སྙིང་རྗེ་རླབས་ཆེན་ཟླ་བྲལ་ཀློང་ཆེན་པ། ། ༦ གཞོན་ནུ་ཉིད་ནས་རྡོ་རྗེའི་ཐེག་པར་གོམ་པའི་འདེགས་འཇོག་བསྒྱུར་ཟིན་ཡང་། །བསྟན་པའི་གཞི་རྟེན་སྡེ་སྣོད་གསུམ་གྱི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཁྱིམ་ནང་བདེན་གཉིས་ཟུང་འཇུག་ཉི་ཟླའི་འགྲོས། །རྟག་པར་བསྒྱུར་བས་ལམ་ལྔ་ས་བཅུའི་སྤངས་རྟོགས་མངོན་གྱུར་ཀློང་ཆེན་པ། ། ༧ ཀ་ཙན་པཱ་ཎི་དབྱངས་ཅན་མ་ལ་སོགས། །ལེགས་སྦྱར་ཀུན་བཤད་སྒྲ་མདོ་རྒྱ་མཚོའི་བཅུད། །འཐུངས་བས་བྱིངས་རྐྱེན་རྣམ་དབྱེའི་མཚམས་སྦྱོར་གྱི། །བརྡ་སྤྲོད་རྒྱངས་གླུ་ལེན་མཁས་ཀློང་ཆེན་པ། ། ༨ མངོན་སུམ་རྗེས་དཔག་འགལ་གྲུབ་བརྒལ་བརྟག་གི རྩོད་པའི་འཁོར་ལོས་ལོག་སྨྲའི་གཉིས་འཐུང་དབང་། །ཀླད་པ་འགེམས་ཕྱིར་གདོང་པ་ལྔ་བའི་ཟོལ། །ཚད་མའི་སྟོན་པ་ཀུན་མཁྱེན་ཀློང་ཆེན་པ། ། ༩ ལྷ་དང་གཙུག་ལག་ཁང་ལ་སོགས་པའི་བཟོ་རིགས་ས་སྲུངས་དབང་པོའི་སྟེང་། །སྡེ་སྣོད་གསུམ་དང་གསང་སྔགས་ཟབ་དོན་ནང་གི་རིག་པའི་མིག་སྟོང་བགྲད། །སྐྱེས་པ་བུད་མེད་རི་ཤིང་རྒྱ་མཚོ་གོས་ནོར་རྟ་དང་གླང་ཆེན་སོགས། །བརྟག་པ་བརྒྱད་ཀྱི་སྐྱེད་མོས་ཚལ་དུ་རྩེ་འཇོར་རོལ་པ་ཀློང་ཆེན་པ། ། ༡༠ རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་རྩ་བ་མ་རིག་པ་ཡི་ས་བོན་ལ། །ཉོན་མོངས་གསུམ་གྱི་མྱུ་གུ་ནར་སོན་བྲོ་ནད་ཡལ་འདབ་རྒྱས་པའི་ཚེ། །རོ་ནུས་ཞུ་རྗེས་་སྡེབ་པའི་སྨན་དང་གཏར་བསྲེག་དཔྱད་ཀྱི་བདུད་རྩི་ཡིས། །ཟུག་རྔུ་ཚར་གཅོད་གསོ་རིག་སྨྲ་ལ་གཡུ་ཐོག་གཉིས་པ་ཀློང་ཆེན་པ། ། ༡༡ བཅུ་ཕྲག་རིག་པར་བསླབ་ཚེ་མི་གཡོ་བ། །དགྲ་དབྱངས་ལྷ་མོ་འཇམ་པའི་རྡོ་རྗེ་ཡི། །གསལ་སྟོང་སྒྱུ་མའི་རྣལ་འབྱོར་ལ་ཞུགས་པས། །ཞལ་གཟིགས་ལུང་བསྟན་མངོན་གྱུར་ཀློང་ཆེན་པ། ། ༡༢ ཨེ་དབྱིངས་ཤེས་རབ་གཎྜའི་ཚལ་དུ་ཐབས་མཆོག་བདེ་གསལ་ཝཾ་ཡིག་གསར་བའི་ལེ་ཁ་ནི། །བསྒྱུར་བགོད་ཕྲི་བསྣན་རྣམ་འགྱུར་བརྒྱ་ཡིས་རི་མོའི་གར་སྟབས་རྣམ་དག་གྲུབ་པས་བསྒྱུར་བ་ལས། །གོ་ལའི་ངོས་ཀྱི་དྲང་སྲོང་རྒྱུ་སྐར་བཅུ་གཉིས་ཁྱིམ་དུ་དུས་བཞིའི་ལྟད་མོར་བརྩེ་བ་མཐོང་། །དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་ཐུགས་ཀྱི་ཐིག་ལེར་རོ་གཅིག་བཟླུམས་སོ་ཀློང་ཆེན་པ། ། ༡༣ ས་མཐོའི་གྲུབ་མཐའ་གངས་རིའི་སྤོ་ལ་སྔོན་ནས་སྙོགས་པས་ལོངས་སྤྱོད་འཁོར་ལོའི་རྩ་མདུད་རྒྱ། །ཅིག་ཆར་གྲོལ་པས་གཞུང་ལུགས་རྒྱ་མཚོར་བློ་གྲོས་རབ་རྒྱས་ལུང་རིགས་གཡུ་རལ་ལན་བུ་གཡོ། །བརྒལ་བརྟག་རིག་པའི་སྡེར་མོའི་ཤུགས་ཀྱིས་ལོག་སྨྲའི་གཉིས་འཐུང་ཀླད་པ་འགེམས་ཤིང་ཐལ་འགྱུར་གྱི། །མགྲིན་རྔ་ལྡིར་བའི་རིགས་གྲྭ་ཀུན་ཏུ་འགྲན་གྱི་ཟླ་མེད་མི་ཡི་སེང་གེ་ཀློང་ཆེན་པ། ། ༡༤ རང་ལུགས་མཆོག་འཛིན་ཕྱོགས་རིའི་མིག་ཅན་ལྟ་གྲུབ་སྒོ་ངའི་སྦུབས་ལས་གྲོལ། །རང་གཞན་ཕྱི་ནང་གྲུབ་མཐའི་གཞུང་ལུགས་གངས་ཅན་འདི་ན་དར་རོ་ཅོག རང་རྒྱུད་ཉམས་སུ་ལེགས་པར་བསྟར་བས་ཐམས་ཅད་མཁྱེན་པའི་འདབ་གཤོག་རྒྱས། །རང་གཞན་དོན་གཉིས་ལྷུན་གྲུབ་མཁའ་ལ་འཕུར་བའི་རྩལ་རྫོགས་ཀློང་ཆེན་པ། ། ༡༥ ཇི་སྙེད་མཁྱེན་པའི་ཐོས་བསམ་རྒྱ་མཚོ་སྒོམ་པའི་གཟིངས་ཀྱིས་རྣམ་པར་བརྒལ་བའི་ཕ་མཐའ་ཆེ། །སྐུ་གསུམ་གྲོང་ཁྱེར་རིན་ཆེན་གླིང་ནས་ཇི་ལྟའི་རྟོགས་པ་བསམ་འཕེལ་དབང་རྒྱལ་ལེན་པའི་སླད། །ཅོག་ལ་བྲག་ཏུ་དབྱིངས་སྣང་གསལ་བྱེད་ཨར་གཏད་མུན་པའི་རྣལ་འབྱོར་ལམ་ལ་རྗེས་ཕྱོགས་པས། །ཀློང་ལྔའི་བདག་ཉིད་རྒྱལ་ཡུམ་འཕགས་མ་ཡིད་བཞིན་འཁོར་ལོའི་ཞལ་གཟིགས་ལུང་བསྟན་ཀློང་ཆེན་པ། ། ༡༦ སྲིད་པའི་ཕུན་ཚོགས་ཐིག་ལེ་མཆོག་མར་ཆགས་པ་མིན་ཡང་མཁྱེན་བརྩེ་ནུས་མཐུའི་གདོང་བཞི་རྔོམ། །ཕྱོགས་རེའི་གཞུང་ལ་ཐལ་རྒྱུག་མ་ཡིན་ཤེས་བྱར་སྲིད་ཚད་མཁྱེན་རབ་འདྲེན་བྱེད་བརྒྱད་ཀྱིས་དཔྱོད། །ཐུབ་བསྟན་བཤད་སྒྲུབ་མདོ་སྔགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མི་མཇེད་འཇིག་རྟེན་ཡངས་པའི་ཁྲིར། །སྟོབས་བཅུ་མངའ་ཀུན་མགྲིན་གཅིག་བླངས་པའི་དབྱངས་ཀྱིས་མངའ་གསོལ་མཆོག་གི་སྤྲུལ་སྐུ་ཀློང་ཆེན་པ། ། ༡༧ མཛེས་སོ་སྟོབས་བཅུ་མངའ་དབུས་ཉི་མའི་གཉེན། །བདེ་འབྱུང་རལ་བའི་རྒྱན་དུ་ཆུ་ཤེལ་དབང་། །ནོར་འཛིན་བུ་མོའི་འགྲམ་པར་ཁྱུང་སྔོན་སྐྱེས། །གངས་ཅན་མཁས་པའི་ཁྲོད་ན་ཀློང་ཆེན་པ། ། ༡༨ སྲིད་པའི་ལྷ་ཆེན་ཡར་ལྷ་ཤམ་པོས་སྲུང་པའི་དབེན་གནས་སྐྱམ་གྱི་ཕུར། །བི་མ་མི་ཏྲ་མི་ཡི་རྫུར་ཞུགས་རིག་འཛིན་བླ་མ་ཀུ་མཱ་རས། །རྫོགས་ཆེན་བདུད་རྩིའི་དགའ་སྟོན་འགྱེད་ལས་སྡེ་གསུམ་ཀློང་དགུའི་བཅུད་འཐུངས་པས། །ཐེག་བརྒྱད་གྲུབ་མཐའི་ཚུལ་འཆོས་ཞིག་སྟེ་རྟོགས་པས་མྱོས་པ་ཀློང་ཆེན་པ། ། ༡༩ ཀ་དག་དྲི་མེད་ཤེལ་གྱི་ཁང་མཛེས་གཞི་དབྱིངས་ནང་གསལ་བུམ་སྐུའི་ཀློང་། །མཐའ་བརྒྱད་སྤྲོས་བྲལ་ཁྱད་ཆོས་དྲུག་ལྡན་འོད་གསལ་གཉུག་མའི་གདན་ཁྲི་ལ། །དུས་གསུམ་དུས་མེད་ཁྱབ་གདལ་ཆེན་པོར་དགོངས་པའི་རྒྱལ་པོའི་གཏན་སྲིད་ཟིན། །གཟུགས་སྐུའི་སྦུབས་ནས་བློ་ཟད་ཆོས་ཟད་གདོད་མའི་མགོན་པོ་ཀློང་ཆེན་པ། ། ༢༠ ཨོཾ་ཌི་ཡ་ནའི་བསིལ་བའི་ཚལ་མཚུངས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེ། །གནས་ཀྱིས་གང་ཟག་བྱིན་གྱིས་རློབས་ནུས་གངས་རི་ཐོད་དཀར་སྙིང་པོའི་མགུལ། །མངོན་གསུམ་རིག་པ་གནད་ལ་གཟིར་བས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་། །སྣང་བཞིའི་རྩལ་རྫོགས་ལོངས་སྐུའི་ཞིང་དུ་རྩེ་འཇོར་རོལ་པ་ཀློང་ཆེན་པ། ། ༢༡ ཀློང་གསལ་དགོངས་པའི་གཏེར་མཛོད་བརྡོལ་བས་སྣང་གྲགས་བརྡ་དང་དཔེ་ཆར་ཤར་ཏེ་ཐུགས་གཏེར་རྒྱ་མཚོའི་ཅོད་པན་འཆང་། །པདྨའི་ལུང་བསྟན་བདེན་པས་རབ་བསྐུལ་ས་ཡི་སྙིང་པོའི་ཟབ་དོན་ཕྱུང་བས་དུས་གསུམ་གཏེར་སྟོན་བརྒྱ་རྩའི་ཏོག ཤེས་བྱ་རིག་པའི་གཞུང་ལུགས་སྤྱི་དང་ངལ་བསོ་སྐོར་གསུམ་མཛོད་ཆེན་བདུན་གྱི་བསྟན་བཅོས་བང་རིམ་བུམ་ཆོས་བཀྲ། །རྨད་བྱུང་སྤངས་རྟོགས་བ་གམ་རབ་བརྗིད་མཁྱེན་པའི་ཟིལ་གྱིས་རྒྱན་དྲུག་མཆོག་གཉིས་ས་ཆེན་འདར་ནུས་ཀློང་ཆེན་པ། ། ༢༢ རྩ་གསུམ་རྒྱ་མཚོས་ཞལ་གཟིགས་དབང་བསྐུར་རིག་པའི་རྩལ་དབང་མངོན་དུ་གྱུར། །དམ་ཅན་སྲུང་མས་འབངས་སུ་ཞལ་འཆེས་ཚར་གཅོད་རྗེས་འཛིན་ཕྲིན་ལས་བརྙེས། །གངས་ཅན་མཁས་གྲུབ་རྨུགས་འཛིན་དབང་པོས་འབྲལ་མེད་དད་པའི་རྟེན་ཏུ་བསྲུངས། །དགོངས་པའི་ཀློང་ནས་སྙིང་ཐིག་གསུམ་གྱི་ཡང་བཅུད་སྐྱུགས་མཁས་ཀློང་ཆེན་པ། ། ༢༣ གསེར་འཁོར་རྩིབས་སྟོང་སྔོན་དུ་འགྲོ་མིན་ཐུགས་རྗེའི་ཤུགས་ཀྱིས་ས་གསུམ་གདུལ་བྱར་རང་དབང་བསྒྱུར། །ཡན་ལག་བཞི་བའི་དཔུང་ཆེན་བཤམས་མིན་ཐར་བའི་དགྲ་བོ་ཀུན་རྟོག་བག་ཆགས་གཡུལ་ལས་རྒྱལ། །ལས་དབང་བསོད་ནམས་ཤུགས་ཀྱིས་མ་ཡིན་བསྡུ་བ་རྣམ་བཞིས་འགྲོ་ཀུན་རྣམ་མཁྱེན་ལམ་ལ་དཀྲི། །ཐེག་པ་རིམ་དགུའི་འཁོར་ལོས་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་གཟིགས་ཀློང་ཆེན་པ། ། ༢༤ ཐུབ་པའི་བསྟན་པ་འཆི་མེད་གྲོང་ཁྱེར་བལྟ་ན་སྡུག་པའི་ཕོ་བྲང་དབུས། །སྔ་འགྱུར་རྫོགས་ཆེན་ས་སྲུངས་དབང་པོ་ཤིན་ཏུ་རྣལ་འབྱོར་ཐེག་པའི་སྟེང་། །སྣང་བ་བཞི་ཡི་མིག་སྟོང་བགྲད་ནས་རྣམ་པར་བསྒྱིངས་ཚེ་ཀུན་བརྟགས་བློའི། །ཨ་སུ་ར་ཚོགས་ཟིལ་གྱིས་གནོན་པའི་གྲགས་པ་དོན་ལྡན་ཀློང་ཆེན་པ། ། ༢༥ མུཀྟི་ཀ་ཡི་དྲྭ་བས་ཐོད་རྒྱན་འཇིག་རྟེན་དགའ་བའི་མཛེས་མ་མིན། །སྤུ་སྡུག་འཇའ་ཚོན་རི་མོས་བཀྲ་བའི་སྒྲོ་གཤོགས་ཟླུམ་པོའི་རྨ་བྱ་མིན། །ལུང་རྟོགས་ཡོན་ཏན་ཐི་ལེ་མཆོག་མའི་བཞིན་གྱི་དཀྱིལ་འཁོར་མཐོང་བའི་མོད། །ཆགས་བྲལ་ཞི་བ་འཇིག་རྟེན་མེས་པོའི་ཡིད་ཀྱང་འཕྲོགས་སོ་ཀློང་ཆེན་པ། ། ༢༦ ཕྱི་ནང་གཞུང་ལུགས་མང་དུ་ཐོས་པ་ལུང་གི་ཡོན་ཏན་ཕ་མཐའ་མི་དཔོགས་འཛམ་བུ་ཆུ་བོའི་སུ་ཝརྞ། །ནན་ཏན་བསམ་པའི་དཔྱད་གསུམ་རྣམ་དག་མགར་གྱི་སྦྱོར་བས་བསྲེག་བཅད་བརྡར་བའི་ཤིང་རྟ་གསུམ་གྱི་མཆོད་སྡོང་ལ། །གངས་རིའི་མགུལ་བར་ཕུལ་བྱུང་སྒོམ་པའི་ཉམས་མྱོང་དྲོད་ཀྱིས་དག་པ་གཉིས་ལྡན་ས་ལ་སྦྱོར་བའི་ཕྲ་བཀོད་པས། །སྨྲ་མཁས་ས་པཎ་ཚིག་ལ་འཆེལ་སྙམ་རིག་པའི་བསྟན་བཅོས་བཀའ་རྩིས་ཟོལ་གྱིས་སྒྲིབ་པར་བྱེད་དོ་ཀློང་ཆེན་པ། ། ༢༧ ཏིང་འཛིན་གྲུབ་པའི་དྲང་སྲོང་རྒན་པོའང་གནྡྷ་ཡི་གླིང་བུས་སད། །ཁེངས་པས་དྲེགས་པའི་འཁོར་ལོས་བསྒྱུར་ཡང་ལྗོངས་རྒྱུའི་ཟོལ་གྱིས་ལྟད་མོར་ལྷགས། །འགྲོ་འོང་མེད་པ་འཕགས་པའི་མཉམ་བཞག་དེས་ཀྱང་གཡོ་བར་མི་ནུས་པ། །མཛོད་ཆེན་བདུན་གྱིས་ཡིད་ཀྱི་ཆོམ་རྐུན་ཆེན་པོ་བྱས་སོ་ཀློང་ཆེན་པ། ། ༢༨ འཛམ་བུ་གླིང་ན་རྒྱན་དྲུག་མཆོག་གཉིས་འོད་ཟེར་ཆེ། །གངས་ཅན་འདི་ན་མེས་དབོན་རྣམ་གསུམ་སྙིང་སྟོབས་ཆེ། །ཀུན་གྱི་ཕྲིན་ལས་འཇའ་ལུས་རིག་འཛིན་བརྟུལ་ཞུགས་ཆེ། །ལྔ་བརྒྱའི་མཐའ་ལ་བསྟན་པའི་སྣང་བྱེད་ཀློང་ཆེན་པ། ། ༢༩ ཕྱོགས་རེའི་ལྟ་གྲུབ་ཁྲོན་པའི་ཆུ་ཡིས་ལྟོ་བ་སྦོས་པའི་ཀརྐ་ཊས། །གསང་རྒྱུད་རྒྱ་མཚོར་འོལ་ཚོད་མཛུབ་མོས་ལོག་སྨྲའི་ཚད་དུ་དཔོགས་པའི་ཚེ། །མདོ་རྒྱུད་ཆུ་གཏེར་ཧུབ་ཀྱིས་འཐུངས་པའི་བརྒལ་བརྟག་རིག་པའི་སུན་འབྱིན་སྒྲས། །བསྟན་ལ་རི་མོར་བགྱིས་པ་ཡིན་ནོ་གྲགས་པ་དོན་ལྡན་ཀློང་ཆེན་པ། ། ༣༠ ཀ་དག་ཕྱོགས་ཡན་ལྟ་བར་ཤར་བས་མཐའ་བརྒྱད་སྤྲོས་པ་དབྱིངས་སུ་ནུབ། །ལྷུན་གྲུབ་རང་ཡན་བསྒོམ་པར་གྲོལ་བས་དྲན་འཛིན་གཉེན་པོ་ཕྱལ་བར་ཡས། །གཏད་མེད་རང་གྲོལ་སྤྱོད་པར་གོམས་པས་རེ་དོགས་ཆོམ་རྐུན་ཟིལ་གྱིས་གནན། །གངས་ཅན་འདི་ན་མཁས་དང་གྲུབ་པའི་གྲགས་པའི་མུ་ཁྱུད་ཀློང་ཆེན་པ། ། ༣༡ ཤིང་རྟའི་ལམ་སྲོལ་འབྱེད་ལ་ཀླུ་སྒྲུབ་རྗེར། །མཚུངས་ཀྱང་མ་ཡིན་ཀུན་མཁྱེན་བསམ་ཡས་པ། །གསང་རྒྱུད་དགོངས་པ་ལོན་འདི་དགའ་རབ་རྗེ། །མ་ཡིན་གངས་ཆེན་མཚོ་ཡིས་ཐུགས་བསྐྱེད་མཐུ། ། ༣༢ ཁྱོད་ཀྱི་སྤངས་རྟོགས་ནམ་མཁའི་མཐས་ཀྱང་ཐུག་པ་མེད་པའི་ངོ་མཚར་གཏམ་གྱི་བི་རོ་ཙ། །གླིང་བཞིའི་སྣང་བྱེད་ཉི་ཟླ་ཟུང་གིས་ནོར་འཛིན་བུ་མོའི་རྣ་བའི་རྒྱན་ཏུ་བཏགས་པ་ལས། །གྲུབ་བརྒྱའི་སྤྱི་མེས་སྤྲོས་བྲལ་དོ་ཧའི་རྒྱངས་གླུ་ལེན་མཁས་ས་ར་ཧའམ་མདའ་བསྣུན་རྗེ། །རང་མིན་གཉིས་པ་གཞན་ཞིག་ཡོད་སྙམས་འཕྱང་མོ་ཉུག་གི་དྲྭ་བར་བཙུད་དོ་ཀློང་ཆེན་པ། ། ༣༣ གང་གིས་རྒྱན་དྲུག་མཆོག་གཉིས་ཞུམ་ནུས་པའི། །ལྔ་རིགས་གཙུག་ལག་སྨྲ་ལ་མཚར་དུ་ཅི། །གདོད་མའི་མགོན་པོའི་ཁྱད་ཆོས་དྲུག་ལྡན་གྱི། །དགོངས་པའི་ཀློང་དུ་བཙན་ས་ཟིན་མིན་ནམ། ། ༣༤ ཀྱེ་ཧོ་བརྟན་གཡོའི་ཆོས་ཁམས་རྒྱ་མཚོའི་རྡུལ། །ཀུན་མཁྱེན་ཁྱོད་ཀྱི་ཀློང་ཆེན་མེ་ལོང་ངོགས། །མི་འཆར་ཤེས་བྱའི་སྣང་བརྙན་འདི་ཀོ་ཞེས། །སྟོབས་བཅུའི་མངའ་བདག་དེས་ཀྱང་བསྟན་དུ་མེད། ། ༣༥ འདུས་བྱས་རང་བཞིན་རྟག་པ་མ་ཡིན་འཕེལ་འགྲིབ་དུས་ཀྱི་འཐོར་རླུང་ཆེས། །དབུར་ཞྭའི་ལྷ་ཁང་སྤྲིན་གྱི་ཁང་མཛེས་དུམ་བུར་གཏོར་བ་བི་མ་ལས། །སྡིགས་མཛུབ་ཟོལ་གྱིས་ཞིག་གསོའི་ལུང་བསྟན་ཇི་བཞིན་མངོན་དུ་སྒྲུབ་པའི་ཚེ། །སྣང་བ་དབང་བསྒྱུར་བརྟུལ་ཞུགས་སྤྱོད་པས་བརྟན་གཡོ་ཟིལ་གནོན་ཀློང་ཆེན་པ། ། ༣༦ རྒྱལ་བ་རིག་འཛིན་བཀའ་བགྲོས་རྟ་བདུན་པས། །བསྐུལ་ཏེ་མདོ་སྔགས་བསྟན་པའི་འོད་བརྒྱ་བ། །མི་ཡི་ཟོལ་ལ་བརྟེན་ནས་ཤར་བ་དེས། །མུ་ཅོར་སྨྲ་བའི་མུན་པ་ཟིལ་གྱིས་མནན། ། ༣༧ ས་ཐོབ་རྣམས་ལ་སྐྱེ་འཆིའི་དངོས་པོ་རང་མཚན་མེད་དེ་རྟག་འཛིན་གདུལ་བྱ་སྐྱོ་བའི་སླད། །གཟུགས་སྐུའི་མཆོད་སྡོང་དཔལ་གྱི་མཆིམས་ཕུར་གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོའི་འབྱུང་གནས་སུ། །ཆོས་སྐུའི་བཞུགས་སྟངས་དྲང་པོར་བཞག་སྟེ་ཞི་བར་གཟིམས་ཀྱང་གསང་གསུམ་ལུང་རྟོགས་རྒྱ་མཚོའི་ཕུལ། །ཡི་གེའི་ཟོལ་གྱིས་ཆོས་སྐུའི་རིང་བསྲེལ་ཕུང་པོར་བཞག་པའི་བཀའ་དྲིན་བསམ་ཀྱིན་ཐལ་མོ་སྦྱར། ། ༣༨ དེ་སྐད་དུས་མཁྱེན་རྗེས་སུ་ཕྱོགས་པའི་བསྟོད་ཚིག་འགྱུར་ཁུག་དུས་ཀྱི་ཕོ་ཉའི་རྒྱངས་གླུ་འདིས། །བདག་གི་སྐྱེས་རབས་སྲིད་གསུམ་རྒྱ་མཚོའི་ཕ་མཐར་འགྲིམ་པ་དེ་སྲིད་ཀུན་མཁྱེན་བླ་མ་དེའི། །རྗེས་སུ་ཞུགས་ཤིང་གང་གི་སྤངས་རྟོགས་ལེགས་བྲིས་ལམ་ལ་གོམ་པའི་འདེགས་འཇོག་སྒྱུར་ནུས་ནས། །བསྟན་འགྲོའི་དོན་མཆོག་རླབས་ཆེན་འགྲུབ་པའི་སྙེ་མ་སྦོམ་པོ་གཡུར་དུ་ཟ་བར་ཤོག་ཅིག་གུ། ། ༣༩ དགོས་འབྲེལ་མེད་པ་ཕྱི་བའི་གཞུང་ལུགས་དང་། །བྲམ་ཟེའི་རིག་བྱེད་ལྟ་བུའི་བསྔགས་པ་མིན། །མདོ་སྔགས་བསྟན་པའི་སྲོག་ཤིང་འདི་ཡིན་པས། །རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛོད། ། ༤༠ 

ཅེས་སྟོན་པའི་ཞལ་ཚབ་པདྨའི་གདུང་འཛིན་བསྟན་པའི་སྒྲོན་མེ་མཁས་པའི་གཙུག་རྒྱན་གྲུབ་པའི་སྤྱི་མེས་མཚུངས་ཟླར་འོས་པ་འགའ་ཡང་མི་སྲིད་ཅིང་སྲིད་པ་མིན་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་དོན་དམ་པའི་ལམ་ནས་སྒྲོ་བསྐུར་དང་བྲལ་བར་བསྟོད་པ་དབྱིངས་ཀྱི་རྒྱལ་མོའི་རྒྱངས་གླུ་ཞེས་བྱ་བ་འདི་ནི་ཚེ་རབས་ཀྱི་ཕྲེང་བ་མང་པོར་ཀུན་མཁྱེན་སངས་རྒྱས་གཉིས་པ་ཉིད་ཀྱི་ཀློང་གསལ་མཁའ་ལྟར་དག་པའི་ཡེེ་ཤེས་ཀྱིས་རྗེས་སུ་བཟུང་བའི་མཐུ་ལས་མངོན་གྱུར་དུ་སད་པ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་གཟུ་བོའི་བློ་གྲོས་ཀྱིས་དཔྱད་པའི་སྐལ་པ་མི་དམན་ཞིང་། གངས་རིའི་ལྗོངས་ཀྱི་གཞུང་ལུགས་དང་མན་ངག་ཇི་སྙེད་ལ་ལྡང་ཞེན་དང་ཕྱོགས་ལྷུང་གི་གཟེབ་ཏུ་མ་ཆུད་པའི་ཐེག་པ་དང་གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དང་། རྒྱལ་བས་གདུལ་བྱའི་བློ་དང་འཚམས་པར་བསྟན་པའི་དབྱེ་བ་ཅུང་ཟད་ཕྱེད་ནས་འགལ་གྲུབ་སྤོང་ལེན་གྱི་མཐའ་དང་བྲལ་བའི་ངེས་ཤེས་ཆིག་ཆོད། གཞི་རྫོགས་ཨ་ཏིའི་ཐེག་པར་ཡིད་དཔྱོད་བློ་བྲལ་དུ་ལ་བཟླ་བའི་རྣལ་འབྱོར་པ་རང་བྱུང་པདྨ་དགྱེས་པའི་འབངས་མཁྱེན་བརྩེའི་འོད་ཟེར་ཞེས་བགྱི་བ་དེ་ཉིད། གངས་ཅན་བོད་ཀྱི་ཚནྡྷ་ཧ་ཆེན་པོ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་གོང་བའི་ཚུལ་དུ་འབྲེལ་བའི་སྒྲུབ་གནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དབང་ཆེན་རོལ་པའི་ཕོ་བྲང་ཆེན་པོའི་སའི་ཐིག་ལེ་འོག་མིན་བྲེ་གུ་དགེའུའི་འོག །མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་ཏུ་ལྷུན་གྲུབ་རང་བྱུང་གི་བྱ་སྐྱིབས་འོད་གསལ་གཉུག་མའི་ཕོ་བྲང་ཐིག་ལེ་དང་ལུ་གུ་རྒྱུད་ཀྱི་དྲྭ་བས་བཀོད་མཛེས་པའི་གནས་སུ་སྙིང་པོའི་བསྒྲུབ་པ་ལ་གཞོལ་བའི་ཚེ་ཁྱུ་མཆོག་སྣྲོན་ཟླའི་དུས་ཀྱི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་གི་དཀྱིལ་འཁོར་ཆེན་པོའི་ནང་དུ་རགས་པ་ཡུལ་ལྔའི་ཤེས་པ་ཀུན་གཞིའི་མི་རྟོག་པའི་ངང་དུ་དར་གཅིག་ཐིིམ་པའི་སྣང་མཆེད་ལུགས་ལྡོག་ཆེན་པོའི་ཡེ་ཤེས་ཀྱི་མེ་ལོང་དྭངས་བའི་ངོགས་སུ་རང་སྣང་གདོད་མའི་མགོན་པོ་མིའི་རྫུར་ཞུགས་པ་མཚོན་བྱེད་དཔེའི་བླ་མ་གང་གི་གསང་བ་གསུམ་གྱི་སྣང་བརྙན་ཡུལ་ཅན་སྤྲུལ་པའི་ཟློས་གར་ཆུ་ཟླའི་རོལ་རྩེད་ལྟ་བུར་བསྟན་པའི་ཚེ་ན་བཀོད་པ་ལུས་ཀྱི་གྲོང་ཁྱེར་ཆེན་པོ་ནས་རྩ་ཁམས་ཀྱི་ཡི་གེ་གཡོ་བྱེད་ཀྱི་རླུང་གིས་བསྐྱོད་པ་མིང་ཚིག་གྲུབ་པའི་བརྡ་རྟགས་སུ་ཤར་ཏེ་སྒྱུ་མ་དང་རྨི་ལམ་ལྟ་བུའི་རྣམ་རོལ་གྱིས་ལྗོན་པའི་བསིལ་གྲིབ་ལ་བརྟེན་ནས་རང་ལོ་སོ་གསུམ་པ་ལ་ཟིན་རིས་སུ་བྱས་པ་འདི་ནི། རིང་ཞིག་རྟོག་མེད་དུ་གཡེངས་ཏེ་དཀྱུས་སུ་འདྲི་བ་མ་ཤར་བའི་ཐོག་མི་ཆོས་གཙང་མ་བཅུ་དྲུག་གི་རྣམ་ཐར་བཟང་པོས་ཡོངས་སུ་བསྲུངས་ཤིང་མི་འཕྲོག་པའི་དད་ནོར་དང་ལྡན་པ་སྡེ་བ་རྡོ་རྗེ་ཕུན་ཚོགས་ཀྱིས་རྒྱན་མིང་ངོས་འཛིན་དང་བཅས་ཕྲལ་དུ་གཏན་ལ་འབེབས་པ་ཞིག་དགོས་ཞེས་ལན་མང་པོར་བསྟུད་ནས་བསྐུལ་འདེབས་གནང་བ་ལས་ཇི་ལྟར་བཞེད་པ་བཞིན་དུ་བྲིས་པའོ།། །།སརྦ་མངྒ་ལཾ། །དགེའོ།། དགེའོ།། དགེའོ།།

རྩོམ་སྒྲིག་པ།   དོན་འགྲུབ་རྡོ་རྗེ།