ཨེ་མ་ཧོ། རྩ་གསུམ་རྒྱལ་བའི་ཡེ་ཤེས་སྤྱི་ཡི་གཟུགས། །གངས་ཅན་བསྟན་འགྲོའི་སྐྱབས་གཅིག་པདྨ་འབྱུང་། །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །གསོལ་འདེབས་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཀྱེ་མ་ཀྱི་ཧུད་ཨོ་རྒྱན་ཐུགས་རྗེ་ཅན། །བདག་སོགས་མཐའ་འཁོབ་བོད་ཀྱི་གདུལ་བྱ་རྣམས། །མགོན་པོ་ཁྱེད་ལས་རེ་ས་གཞན་མེད་པས། །བརྩེ་ཆེན་ཐུགས་རྗེས་མྱུར་དུ་རྗེས་བཟུང་སྟེ། །ཡེ་ཤེས་སྐུ་མཆོག་མངོན་སུམ་ཞལ་སྟོན་ལ། །ཚངས་དབྱངས་གསུང་གི་དབུགས་འབྱིན་དུས་འདིར་སྩོལ། །མཉམ་ཉིད་དགོངས་པའི་བྱིན་བརྒྱུད་སྙིང་ལ་འཕོས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ལྟར་སྣང་ཆོས་བརྒྱད་བདུད་ཀྱི་བསླུ་བྲིད་ཀྱིས། །རྣམ་པར་གཡེངས་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་དཔལ་བློ་གྲོས་ཡར་ངོའི་ཟླ་བཞིན་འཕེལ། །ཐོས་བསམ་བསྒོམ་པའི་ཡོན་ཏན་རྩལ་རྫོགས་ཏེ། །རླབས་ཆེན་བཤད་དང་སྒྲུབ་པའི་འཕྲིན་ལས་ཀྱིས། །བསྟན་དང་འགྲོ་ལ་ཕན་བདེའི་མཆོག་སྟེར་ཞིང་། །རབ་འབྱམས་རྒྱལ་བའི་ཕྲིན་ལས་ཀུན་འཛིན་པ། །རང་གཞན་དོན་གཉིས་རྫོགས་པར་བྱིན་གྱིས་རློབས། །ཁྱད་པར་མི་ཤིགས་གཉུག་མའི་ཡེ་ཤེས་ཀྱི། །རང་བཞིན་བདེ་ཆེན་རྒྱལ་པོ་པདྨའི་ཞལ། །མངོན་སུམ་རྗེན་པར་མཐོང་བའི་བྱིན་རླབས་ཀྱིས། །རྟོགས་གྲོལ་དུས་མཉམ་ཆེན་པོར་བྱང་ཆུབ་སྟེ། །བཟང་ངན་ལས་ཀྱིས་འབྲེལ་བའི་ལུས་ཅན་ཀུན། །ཚེ་འདིར་མི་མཐུན་རྒུད་པ་ཀུན་སྐྱོབ་ཅིང་། །ནམ་ཞིག་འཕོས་ཚེ་པདྨ་འོད་གླིང་དུ། །འདྲེན་པའི་དེད་དཔོན་བདག་གིས་བགྱིད་པར་ཤོག །ཀྱེ་མ་གངས་ཅན་མགོན་པོ་ཨོ་རྒྱན་རྗེའི། །ཐུགས་རྗེའི་ཐུགས་དམ་མ་གཡེལ་དུས་ལ་བབས། །རྒྱ་འདྲེ་དམ་སྲིའི་སྐྱེ་རྒྱུད་རྩ་ནས་ཆོད། །མཐའ་དམག་འགོང་པོའི་གཡུལ་འཁྲུགས་ཆོམ་ལ་ཕོབ། །འགྲོ་རྣམས་བསམ་སྦྱོར་ལོག་པའི་རྒྱུ་རྐྱེན་ལས། །བྱུང་བའི་སད་སེར་ནད་ཡམས་འབྱུང་བཞིའི་དགྲ། །གཟའ་ཀླུ་སྡེ་བརྒྱད་ཆོ་འཕྲུལ་ཉེར་འཚེའི་རིགས། །མིང་ཡང་མེད་པར་ཞི་ཞིང་བཟློག་པ་དང་། །བོད་ཁམས་བསྟན་འགྲོའི་བདེ་སྐྱིད་མགྲོན་དུ་ཁུག །རྫོགས་ལྡན་དཔལ་གྱིས་ལྗོངས་ཀུན་ཁྱབ་པར་མཛོད། །མདོར་ན་ཚེ་འདི་ནས་བཟུང་བྱང་ཆུབ་བར། །གུ་རུ་རྗེ་ལས་རེ་ས་གཞན་མེད་པས། །རྟག་ཏུ་ཐུགས་རྗེས་བུ་བཞིན་སྐྱོང་ནས་ཀྱང་། །འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ། ། ཅེས་པའང་གུ་ཎའི་མིང་གིས་སོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།