༄༅།། ཀློང་སྙིང་དཔལ་ཆེན་འདུས་པའི་གསོལ་འདེབས་གྲུབ་དབང་རྫོགས་ཆེན་པའི་བརྒྱུད་སྲོལ་ལྟར་བཞུགས་སོ།།
ཀུན་བཟང་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་ཀྱིས་དབང་། །ཧཱུྃ་ཀར་བཤེས་གཉེན་ཀླུ་སྒྲུབ་སྙིང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །པྲ་ཆེན་ཧསྟི་དྷ་ན་སཾ་སྐྲྀ་ཏ། །དྲི་མེད་བཤེས་གཉེན་གུ་ཧྱ་ཙཱནྡྲ་ཆེ། །ཞི་བའི་སྙིང་པོ་པདྨ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཇམ་དཔལ་རྡོ་རྗེ་ཚངས་པའི་མེ་ཏོག་སོགས། །གྲུབ་ཆེན་བརྒྱད་དང་དགོངས་བརྡ་སྙན་བརྒྱུད་ཀྱི། །བཀའ་བབས་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ། ༼ཐུགས་གཏེར་མངའ་བདག་རང་བྱུང་རྡོ་རྗེ་དང་། །ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་ཞབས། །སྤྲུལ་བའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཁའི་མཚན། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གྲུབ་པའི་དབང་ཕྱུག་པདྨ་བཛྲ་རྩལ། །ཆོས་ཀྱི་རྡོ་རྗེ་གཞན་ཕན་སྣང་བའི་ཞབས། །ཡོན་ཏན་མགོན་པོ་བྱང་ཆུབ་རྡོ་རྗེ་དང་། །ཁྱབ་བདག་བླ་མ་པདྨ་སྐལ་བཟང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།༽དཀྱིལ་འཁོར་རྣམ་བཞིར་དབང་བཞིས་བརྒྱུད་སྨིན་ནས། །སྒྲིབ་པ་བཞི་སྦྱངས་རིག་འཛིན་བཞིའི་ལམ་ལས། །ཡེ་ཤེས་བླ་མའི་ས་མཆོག་ཀུན་བཟང་ཞལ། །ཚེ་འདི་ཉིད་ལ་མཐོང་བར་བྱིན་གྱིས་རློབས། །ཞེས་པའང་འཇིགས་མེད་གླིང་པས་སོ།།
ཞེས་རྗེ་ཉིད་ཀྱི་གཏེར་གཞུང་བརྒྱུད་འདེབས་ལ་རང་ལུགས་ལྟར་ཁ་སྐོང་དུ་དཀྱིལ་འཁོར་དང་ཆོ་གའི་ལས་ལ་མཁས་པ་སྒྲུབ་བརྩོན་བླ་མ་ཐུབ་བསྟན་གོ་ཆ་ནས་བསྐུལ་དོན་བཞིན། རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོར་སྒྲུབ་སྡེ་པདྨ་ཐང་དུ་བདུད་རྩི་སྨན་གྱི་སྒྲུབ་ཆེན་འཛུགས་ཉེའི་སྔ་རོལ་དུ་བསྟན་འཛིན་ལུང་རྟོགས་ཉི་མས་བྲིས་པའོ།།
སྨན་མཆོད་སྐབས། བརྒྱུད་པ་བདུན་ལྡན་ཐུགས་གཏེར་བདག་པོ་ལ། །མྱོང་གྲོལ་སོགས། སརྦ་པཉྩ་སོགས། ནས། །ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་ཞབས། སྤྲུལ་བའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཁའི་མཚན། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། གྲུབ་པའི་དབང་ཕྱུག་པདྨ་བཛྲ་རྩལ། །ཆོས་ཀྱི་རྡོ་རྗེ་གཞན་ཕན་སྣང་བའི་ཞབས། །ཡོན་ཏན་མགོན་པོ་བྱང་ཆུབ་རྡོ་རྗེ་དང་། །ཁྱབ་བདག་བླ་མ་པདྨ་སྐལ་བཟང་ལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ནས། ཡེ་ཤེས་དགུ་རྫོགས་ཁྲག་འཐུང་སོགས་ནས་འཇུག་གོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།