༄༅། །ཁམས་རྫོགས་ཆེན་མེ་སྤྲེལ་སྤྲེལ་ཟླའི་ཚོགས་མཆོད་ཀྱི་ལེགས་སྦྱར།

timg.jpg


༑    ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སར། བོད་མེ་སྤྲེལ་སྤྲེལ་ཟླའི་ཚེས་བཅུར་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཚོ་འཁྲུངས་རྒྱལ་བ་གཉིས་པའི་འཁྲུངས་སྐར་ཚོགས་མཆོད་ཆེན་མོ་ཕུལ་དང་འབྲེལ་བའི་ལེགས་བཤད། །

མཁན་ཆེན་ཨོ་རྒྱན་རིག་འཛིན།


༑ ཟབ་ཡངས་ལེགས་བྱས་ཆུ་གཏེར་ལས་ཐོན་མཚན་དཔེ་རི་བོང་གཟུགས་ཀྱིས་མཛེས། །

དཔག་ཡས་རྒྱལ་སྲས་རྒྱུ་སྐར་དབུས་ན་མ་འདྲེས་ཡོན་ཏན་བསིལ་ཟེར་འཕྲོ། །

གདུལ་འགྲོ་གླིང་བཞིའི་བླ་ན་མངོན་འཕགས་སྲིད་པའི་ཚ་གདུང་དྲུང་འབྱིན་པའི།  །

རྣམ་འདྲེན་མཚུངས་མེད་སྟོན་གྱི་ཟླ་གཞོན་ཕན་བདེའི་ཀུ་མུད་གཉེན་དེར་གུས། །

སྲས་བཅས་རྒྱལ་བའི་ཡེ་ཤེས་ཕུང་པོ་མཚམས་སྤྲིན་མདངས་ཀྱིས་ཉེར་འཁྱུད་པར། །

ཕྱོགས་བཅུའི་ཞིང་དུ་འཇམ་པའི་དཔལ་ཞེས་སྙན་པར་གྲགས་པའི་གཏམ་གྱི་སྒྲས། །

སྲིད་པའི་མུན་སྟུག་དྲུང་ནས་འབྱིན་ཅིང་ཤེས་བྱ་མ་འདྲེས་གསལ་འབྱེད་པའི། །

བློ་གྲོས་པདྨོའི་འདབ་སྟོང་འཛུམ་མཛད་བརྟན་པའི་འཁོར་ལོར་དང་བས་འདུད། །

རབ་འབྱམས་རྒྱལ་བའི་མཁྱེན་ནུས་བརྩེ་ཆེན་ཧྲཱི་ཡིག་གཟུགས་སུ་ཉེར་འཕོས་པ། །

སིནྡྷུའི་དྭངས་མཚོར་པདྨའི་ལྷུམ་ཞུགས་མཚན་དཔེའི་སྐུར་སྨིན་ངོ་མཚར་གཟུགས། །

རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་དབུས་ཐ་མལ་རྟོག་ཚོགས་ཟིལ་གནོན་པའི། །

ཡེ་ཤེས་རྣམ་ལྔའི་གཟི་བྱིན་རབ་འབར་མཚོ་ སྐྱེས་རྒྱལ་བར་མགོས་ཕྱག་འཚལ། །

ལུང་རིགས་གསེར་གྱི་ཡུ་བ་རབ་བརྟན་ཟབ་རྒྱས་དོན་གྱི་འཕན་ཕུར་གཡོ། །

འདོད་འབྱུང་འོད་གསལ་ནོར་བུའི་ཏོག་མཐོ་ཁྱད་ཆོས་དྲུག་གི་ཤམ་བུ་འཕྱང་། །

གསང་ཆེན་སྔ་འགྱུར་ལྷ་ཡི་གོས་བཟང་འདེགས་པའི་ཤེ་མོང་རྨད་བྱུང་བའི། །

གངས་ལྗོངས་མཁས་གྲུབ་རྒྱ་མཚོའི་གཙུག་ནོར་གྲུབ་དབང་རྫོགས་ཆེན་ཡབ་སྲས་རྒྱལ། །

དུས་གསུམ་རྒྱལ་བའི་སྤྱི་གཟུགས། ཐེག་གསུམ་བསྟན་པའི་སྣང་བྱེད། ཁམས་གསུམ་འགྲོ་བའི་མགོན་པོ། སྐྱབས་གསུམ་འདུས་པའི་ངོ་བོ། ཁྱབ་བདག་སྐྱབས་རྗེ་བླ་མ་མཆོག་དང་། གསང་ཆེན་སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་མགོན་༧རྫོགས་ཆེན་ཡིད་བཞིན་ནོར་བུའི་དབུས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམས་དང་།  མདོ་དང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཅིང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་བའི་མཁན་ཆེན་ཁྲི་དངོས་ཟུར་རྣམས་ཀྱིས་གྲལ་གྱི་གོང་བརྒྱན།   རྣམ་དཔྱོད་བློ་གྲོས་ཀྱི་རྩལ་རྒྱ་ཆེ་ཞིང་། ཟབ་རྒྱས་པོད་ལྔའི་རིག་གཞུང་བསླབ་མཐར་ཕྱིན་པའི། ཆོས་གྲྭའི་མཁན་པོ་རྣམས་ཀྱིས་གྲལ་གྱི་དབུ་བཟུང་།   ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་གྱིས་ཐུགས་བརྒྱུད་ཡོངས་སུ་ཕྱུག་པའི་འཕགས་ཚོགས་དགེ་འདུན་འདུས་པས་གྲལ་གྱི་འཕྲོ་མཐུད། དད་གཏོང་བསོད་ནམས་དཔལ་གྱིས་མངོན་པར་མཐོ་ཞིང་། ཡ་རབས་དྲ་མའི་སྤྱོད་པས་ངང་རྒྱུད་མཛེས་པའི། སྦྱིན་བདག་སྐྱེ་བོའི་ཚོགས་ཀྱིས་གྲལ་གྱི་མཐའ་བསྟེན་པ་སྟེ། འདི་ལྟར་འདུས་པ་ཐམས་ཅད་ཀྱང་སྤྱི་འབྲེལ་རྣམ་དཀར་དགེ་བ་རྒྱ་ཆེ་བ་དང་སྒོས་འབྲེལ་སྨོན་ལམ་དག་པས་མཚམས་སྦྱར་ཏེ། དཔོན་སློབ་མཆོད་ཡོན་མི་འགྱུར་ལྷན་ཅིག་ཏུ་འཛོམ། རྣམ་མཁྱེན་ཆོས་དང་གཟུགས་སྐུ་ཕུན་ཚོགས་ཀྱི་རྒྱུ།   ཟབ་རྒྱས་ཚོགས་ཆེན་རྣམ་གཉིས་མྱུར་རྫོགས་ཀྱི་ཐབས། རིག་འཛིན་དཔའ་བོའི་དགའ་སྟོན་རྨད་དུ་བྱུང་བ་ལ་རོལ་བའི་སྐབས་འདིར། 

  ཇི་སྐད་དུ། མཁས་པ་ཚོགས་པའི་ལྷ་གྲལ་ན། ལེགས་བཤད་འདྲ་བའི་དགའ་སྟོན་མེད།  ཅེས་པ་ལྟར་དང་། གྲར་མཛེས་པ་གཏམ་དང་། རྒྱན་མཛེས་པ་གྲྭ་རུ་འབོད་པའི་དཔེ་བཞིན་དུ་འདུས་པ་མཛེས་ཤིང་།  མཁས་པ་དགྱེས་པའི་གཏམ་གྱི་རྣམ་གྲངས་ཅུང་ཟད་ཞུ་ན།  སྤྱིར་གཞི་སྐྱེ་བོ་མི་ཆོས་ལྟར་བཤད་ན།  སྟེང་ན་རྗེ་ཡི་གདུང་རབས།   འོག་ན་འབངས་ཀྱི་མི་རབས།    སྟོང་སྡེ་སྲིད་པའི་ཆགས་ཚུལ་། འཇིག་རྟེན་ལུགས་ཀྱི་རྣམ་བཞག་དང་། རྒྱན་དམ་པ་ལྷ་ཆོས་ལྟར་བཤད་ན། རྒྱལ་ཡུམ་ཤེར་ཕྱིན་གྱི་མདོ་ལ་བརྟེན་ནས་ཟབ་པ་དེ་ཁོ་ན་ཉིད་ཀྱི་གནས་ལུགས།  སྡེ་བདུན་མངོན་པའི་མདོ་ལ་བརྟེན་ནས་རྒྱས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག །སྡེ་བཞི་འདུལ་བའི་ལུང་ལ་བརྟེན་ནས་ཕྲ་བ་ལས་འབྲས་ཀྱི་རྣམ་དབྱེ། བསྐལ་བ་བཟང་པོ་ལ་བརྟེན་ནས་བསྐལ་བཟང་སངས་རྒྱས་ཀྱི་བྱོན་ཚུལ། སྙིང་རྗེ་པད་དཀར་ལ་བརྟེན་ནས་རྣམ་དག་སྨོན་ལམ་གྱི་བཏབ་ཚུལ། རྒྱ་ཆེར་རོལ་བ་ལ་བརྟེན་ནས་སྟོན་པ་ཐུབ་པའི་དབང་པོས་མཛད་པ། སྙིང་པོ་བསྟན་པའི་མདོའི་རྗེས་སུ་འབྲངས་སྟེ་རང་བཞིན་གནས་རིགས་ཀྱི་རྣམ་བཞག།  བློ་གྲོས་མི་ཟད་པའི་མདོའི་རྗེས་སུ་འབྲངས་སྟེ་དྲང་ངེས་ཀྱི་རབ་དབྱེ། རྡོ་རྗེ་གཅོད་པ་དང་འབུམ་ཊིཀ་གྱི་རྗེས་སུ་འབྲངས་ནས་བསྟན་པའི་གནས་ཚད་སོགས་འཆད་ཚུལ་མང་དུ་མཆིས་ཀྱང་། འདིར་རང་བྱུང་པདྨ་རྒྱལ་པོའི་སྐུའི་འཁྲུངས་སྐར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར། གསང་སྔགས་རྡོ་རྗེ་ཐེག་པའི་དགོངས་དོན་ལྟར་རིག་འཛིན་དཔའ་བོའི་དགའ་སྟོན་ཆེན་མོ་རྣམ་པར་སྤྲོས་པ་དང་འབྲེལ་བའི་གཏམ། འཆད་པ་པོས་བཤད་སླ་ལ།  ཉན་པ་པོས་གོ་བདེ་བའི་ཆེད།  བརྗོད་བྱའི་གཙོ་བོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་སྙན་སྒྲོན་ཅུང་ཟད་ཞུ་ན། ཐོག་མར་ཕུན་སུམ་ཚོགས་པ་གཞན་རྣམས་གང་དུ་ཚོགས་སའི་གཞི་གནས་ཕུན་སུམ་ཚོགས་པ་ནི།

སྟོན་པ་གངས་ཆེན་མཚོའི་ཕྱག་མཐིལ་གྱི་ལྷུང་བཟེད་སྤོས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ ཆེན་  པོའི་དབུས་སུ།   མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་ཐོག་རྩེགས་སུ་ཡོད་པའི་བཅུ་གསུམ་པ་མི་མཇེད་འཇིག་རྟེན་ཁམས་ཀྱི་གླིང་གཞན་ལས་ཁྱད་དུ་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདིར། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས་པ་དང་རྫིང་བུ་དལ་གྱིས་འབབ་པ། ཤིང་སཱ་ལའི་རྒྱལ་བོ་ལ་སོགས་པ་ཡུལ་གྱི་བཀོད་པ་ངོ་མཚར་བ་དུ་མས་མཛེས་ཤིང་། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། ཡུལ་ཆེན་སོ་གཉིས། གནས་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་སུམ་བརྒྱ་དྲུག་བཅུ། སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་འདིའི་ཤར་ཕྱོགས་སུ་རྒྱ་ནག་དང་ཁྲི་སྟན། རྒྱ་ནག་ཏུ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གྱི་ཕོ་བྲང་རི་བོ་ཆེན་པོ་རྩེ་ལྔ་། ལྷོ་ཕྱོགས་སུ་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་དུ་འཕགས་པ་ཕྱག་ན་པདྨོའི་ཕོ་བྲང་རི་བོ་ཆེན་པོ་གྲུ་འཛིན། ནུབ་ཕྱོགས་སུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་རྒུར་སྤྱོད་པའི་གནས་མཆོག་ཨོ་རྒྱན་དྷུ་མ་ཐ་ལའི་ཕོ་བྲང་། བྱང་ཕྱོགས་སུ་ཁྲོམ་དང་གེ་སར། ཆོས་རྒྱལ་རིག་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལ་ཆ་བསགས་ཀྱི་ཕོ་བྲང་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པ་ཡོད་པ་ལས། འདིར་འཛམ་གླིང་ས་ཡི་ལྟེ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་གནས་མ་གྷ་དྷཱ་རྡོ་རྗེ་གདན་གྱི་བྱང་ཕྱོགས། གངས་རི་དཔལ་དང་ལྡན་པས་བསྐོར་བའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་ཁམས། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་མངོན་པར་གང་བའི་ཡུལ། ཡི་དམ་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་རྟགས་མཚན་དུ་བྱིས་པ་དག་གིས་ཀྱང་གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོག་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་སྲོག་གནས་པའི་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས། གངས་ཅན་བོད་ཀྱི་ལྗོངས་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས། མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ། འབྲི་རྫ་ཟལ་མོ་སྒང་། ཚ་བ་སྒང། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་ར་བ་སྒང་སྟེ་དྲུག་ཏུ་གྲགས་པ་ལས། འབྲི་རྫ་ཟལ་མོ་སྒང་གི་སའི་ཆར། ལྷོ་ཚ་བ་རོང་གི་ཆུ་ཆེན། འབྲི་ཀླུང་གསེར་དང་ལྡན་པའི་ཆུ་བོ། ཤར་ཟླའི་རྫ་ཆུ་སྔོན་མོ། བྱང་གི་རྨ་ཆུ་ཁུག་པ་སྟེ་ཁམས་ཀྱི་གཙང་ཆེན་བཞི་དལ་གྱིས་འབབས་པ་ལས། གཡས་ནས་འབྲི་ཀླུང་གསེར་ལྡན་དང་གཡོན་ནས་རྫ་ཆབ་དྭངས་མོ་གཉིས་ནུབ་ནས་ཤར་དུ་འབབ་པའི་དཀྱིལ་དབུས། ལྷ་ཡི་དགེ་སྙེན་རྡོ་རྗེ་གཡུང་དྲུང་རྩལ་གྱིས་བསྲུངས་བའི་ས་ཕྱོགས། སྔོན་བྱུང་དུ་བཅོམ་ལྡན་འདས་དཔལ་ཆེན་པོས་འཛམ་གླིང་གི་ཡུལ་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ་གསང་སྔགས་ཐེག་པ་ཆེན་པོའི་ཆོས་འཁོར་བསྐོར་ཞིང་བྱིན་གྱིས་བརླབས་པའི་ནང་ཚན། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བ། གསང་སྔགས་སྒྲུབ་པའི་གནས་སུ་རུང་བའི་སྦས་ཡུལ་བཅོ་བརྒྱད་ཀྱིས་མཐའ་ཀུན་ཡོངས་སུ་བསྐོར་ཞིང་མཁའ་འགྲོ་མ་བསྒྲུབས་རང་བཞིན་གྱིས་འདུ་བའི་གནས་སུ་གྱུར་བ། ཕྱིས་བྱུང་དུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམ་བྷཱ་ཝ་ཡབ་ཡུམ་ཟུང་གིས་ཞབས་ཀྱིས་བཅགས་ཏེ་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་ཆོས་དང་རྫས་ཀྱི་གཏེར་རིགས་བརྒྱ་ཕྲག་སྦས་པ་དང་།  རིག་འཛིན་གྲུབ་བརྒྱའི་གཙུག་རྒྱན་མཁས་པ་ཤྲཱི་སེང་ཧ་གནས་འདིར་བྱོན་ནས་སྐུ་རྗེས་བྲག་ལ་བཞག་ཏེ་མཁས་དང་གྲུབ་པ་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པ་འདི་ཉིད་དུ།  ཕུ་འགྱུར་མེད་ཀྱི་གངས་རི་བརྟན་ཆགས་སྒོམ་ཆེན་གདན་ལ་བཞུགས་པ་འདྲ་བས་ཏིང་འཛིན་མི་གཡོ་རང་ཤུགས་ཀྱིས་སྐྱེ་ཞིང་། སྟོད་ཙན་དན་ནགས་ཀྱི་བང་རིམ་ནས་ཆབ་དཀར་འོ་མའི་རྒྱུན་བཟང་འཛད་མེད་འབབ་པས་སྨིན་གྲོལ་ཆོས་ཀྱི་རྒྱུད་པ་བར་མི་ཆད། ཤར་རི་ཕྲན་ཁེད་ཀྱིས་དམའ་ཞིང་ཉི་ཟླའི་རྒྱུ་འགྲུལ་ཡངས་པས་མཁས་པའི་དབང་པོའི་ཁྱུ་ཚོགས་བར་མེད་དུ་འབྱུང་ཞིང་། ལྷོར་དབྱིག་དང་ལྡན་པའི་རི་ཆེན་རྩེགས་མར་སྤུངས་པས་འདོད་རྒུའི་འབྱོར་བ་ཕུན་ཚོགས་ནམ་ཡང་མི་ཟད། ནུབ་དབང་ཐང་གི་ཡོལ་བ་རིང་མོ་རྒྱབ་ནས་འཁོར་བས་བརྟན་གཡོ་སྣང་སེམས་ཀྱི་དངོས་ཀུན་རང་དབང་དུ་བྱེད་ཅིང་། བྱང་རྫ་བྲག་གི་རི་སྣ་བཙན་པོས་འགག་སྒོ་སྣོལ་མར་བསྡམས་པས་འགལ་རྐྱེན་བདུད་ཀྱི་འཚེ་བ་གཏན་དུ་མི་འབྱུང་། གཡས་རི་གཡུ་འབྲུག་ནམ་མཁར་འཕྱོ་འདྲས་སྙན་པའི་དཔལ་ཀུན་ཕྱོགས་བརྒྱར་སྒྲོག་ཅིང་། གཡོན་རི་གླང་ཆེན་དལ་གྱིས་ཉལ་འདྲས་སྲིད་ཞིའི་ཕུན་ཚོགས་འདོད་རྒུ་སྟེར་བ། མདུན་རི་གསུང་རབ་གླེགས་བམ་བརྩེགས་འདྲས་གཙུག་ལག་རིག་གཞུང་གི་དོན་ཀུན་གསལ་བར་སྟོན་ཅིང་། རྒྱབ་རི་བྲག་དཀར་གྱི་རྩེ་མོ་དགུང་དབྱིངས་མཐོན་པོར་ཟུག་པས་དབུ་འཕངས་གཞན་ལས་མཐོ་བ། ཤར་ན་རྒྱ་སྟག་སྐྱ་བོའི་འགྱིང་སྟབས། ལྷོ་ན་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས། ནུབ་ན་ཁྱུང་ཆེན་དམར་པོའི་ལྡིང་སྟབས། 

བྱང་ན་རུས་སྦལ་རྒྱལ་པོའི་རྔམ་བརྗིད། གངས་དཀར་རྫ་བྲག་གི་ཏོག་དང་ལྡན་་པའི་ནགས་ཀླུང་རྨ་བྱ་སྔོན་མོའི་བསིལ་གདུགས་། གསེར་མདོག་སྤང་ལྗོང་གི་གཞོང་བར་ནེའུ་གསིང་གཡང་དུ་འཁྱིལ་བའི་བང་མཛོད་སོགས་གཙུག་ལག་དང་རྒྱུད་སྡེ་ནས་བཤད་པའི་གནས་ཀྱི་མཚན་ཉིད་ཕུན་སུམ་ཚོགས་རྒུས་ཡོངས་སུ་བརྒྱན་པའི་ལྟེ་བ། སྟག་འབྲུག་ཁྱུང་སེང་གི་གདན་གྱིས་མངོན་པར་བཏེགས་པའི་སྟེང་། ཀུན་གཟིགས་འཇམ་མགོན་བླ་མ་མི་ཕམ་པས་བསྟན་བཅོས་མཁས་འཇུག་ཆེན་མོའི་མཇུག་བྱང་དུ། བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་རུ་དམ་རྫོགས་ཆེན་པ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བླ་བྲང་རྩེར། ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་སྡུད་པ་རྫོགས་ཆེན་མཆོག་སྤྲུལ་ལྔ་པ་རིན་པོ་ཆེའི་བཞུགས་གནས་ཀྱི་ཁང་བཟང་བཀྲ་ཤིས་ཉིན་མོར་བྱེད་པའི་བསྟི་གནས་ཞེས་རྡོ་རྗེའི་མགྲིན་དབྱངས་ཀྱིས་བསྔགས་པ་མཛད་པ་ལྟར། སྲིད་ན་འགྲན་ཟླ་དང་བྲལ་བའི་མཁས་དང་གྲུབ་པའི་དབང་ཕྱུག་དུ་མས་རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱིས་བསྐྱངས་བའི་བསྟི་གནས། སྟེང་ན་བྱིན་རླབས་སྤྲིན་གྱི་བླ་བྲེ་མངོན་པར་དཀྲིག་ཅིང་། བར་ན་སྣང་སེམས་དབང་དུ་བྱེད་པའི་ཕྲིན་ལས་ཀྱི་གློག་ཞགས་གཡོ་བ། འོག་ན་འདུ་བ་གསུམ་གྱི་དབྱར་མཚོ་རྟག་ཏུ་འཕེལ་བའི་གསང་ཆེན་མི་འཇིགས་ཟིལ་གནོན་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཉིད། ལྷར་བཅས་འགྲོ་བའི་གཙུག་ནོར། སྔ་འགྱུར་བསྟན་པའི་སྲོག་ཤིང་༧སྐྱབས་མགོན་རྫོགས་ཆེན་བདུན་པ་རིན་པོ་ཆེའི་ཐུགས་བསྐྱེད་དང་རྣམ་དཔྱོད་ལས་བསྐྱར་དུ་འཁྲུངས་པ་སྟེ། ཕོ་བྲང་ཆེན་མོ་ཁང་བརྩེགས་བརྒྱད་ཐོག་གསེར་གྱི་གནྫི་ར་དང་དགུ་ཐོག །རྩེགས་གཉིས་པར་གཙུག་ལག་ཁང་ཆེན་མོ་དགེ་འདུན་ལྔ་སྟོང་ཤོང་བ།  བརྩེགས་གསུམ་པར་རྫོགས་ཆེན་གདུང་རྟེན་ལྷ་ཁང་། རྩེགས་ལྔ་བར་གཟིམས་སྐྱིལ་འཆི་མེད་གྲུབ་པའི་དགའ་ཚལ། རྩེགས་དྲུག་པར་རྫོགས་ཆེན་གྲུ་འཛིན་ཕོ་བྲང་།རྩེགས་བདུན་པར་དཔེ་མཛོད་མདོ་སྔགས་ཆོས་གཏེར། ཕྱི་འཁོར་དུ་ཆོས་སྲུང་རྟེན་མཁར་བཅུ་གསུམ་བཅས་གནའ་དེང་གཉིས་འབྲེལ། རྒྱ་བོད་ཟུང་འབྲེལ་གྱི་མཛེས་རྩལ་ཕུན་སུམ་ཚོགས་པ་ཕྱི་ལྟར་ན་རྣམ་རྒྱལ་ཕོ་བྲང་ས་ལ་འཕོས་པ་ལྟ་བུའི་བརྗིད་ཉམས་ལ། ནང་ལྟར་ན་སྐུ་གསུང་ཐུགས་ཀྱི་རྟེན་སྲིད་ན་འགྲན་ཟླ་དང་བྲལ་བ་དག་གིས་ཕྱུར་བུར་གང་ཤིང་། ཕན་བདེའི་རྩ་ལག་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དག་བཞུགས་པའི་གནས་སུ་གྱུར་ཅིང་ལུགས་གཉིས་ཀྱི་མངའ་ཐང་རབ་ཏུ་དར་བ་འདི་ཉིད་གནས་ཕུན་སུམ་ཚོགས་པ།

WeChat_1461118411.jpeg

སྟོན་པ་ཕུན་སུམ་ཚོགས་པ་ནི། ལྟ་སྤྱོད་ཏིང་ངེ་འཛིན་གསུམ་གྱི་མཛོད་དང་ལྡན་ཞིང་། དབང་བཞིའི་ཆུ་བོ་རྫོགས་པ། གདམས་ངག་གི་གཉེར་ཁ་དང་ལྡན་ཞིང་། གཞི་ལམ་འབྲས་བུའི་དོན་ལ་མཁས་པ། ལས་བཞིའི་ཆོ་ག་ལ་བྱང་ཞིང་མན་ངག་གི་དྲོད་ཚད་བརྙེས་པ་སྟེ། རང་བཞིན་གྱི་ཡོན་ཏན་བརྒྱད་དང་ལྡན་ཞིང་། བཙུན་པའི་ཚུགས། མཁས་པའི་ཚུལ། ཉམས་རྟོགས་ཀྱི་ཡོན་ཏན་སོགས་གང་ནས་བསམས་ཀྱང་དེང་གི་དུས་སུ་སའི་སྟེང་ན་འགྲན་གྱི་ཟླ་དང་བྲལ་བའི་ཁྱབ་བདག་སྐྱབས་རྗེ་བླ་མ་༧པདྨ་སྐལ་བཟང་རིན་པོ་ཆེ་མཆོག་དང་།  བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་ཚུར་མཐོང་གདུལ་བྱའི་ངོར་འཇིག་རྟེན་མིའི་ཤ་ཚུགས་སུ་བྱོན་པ་གྲུབ་དབང་པདྨ་རིག་འཛིན་གྱི་སྐུའི་སྐྱེས་རབས་ནོར་བུའི་ཕྲེང་བ་བདུན་པ། རྟེན་སོ་བྱང་སྔགས་ཀྱི་བསླབ་སྡོམ་རྣམ་པར་དག་ཅིང་། གནའ་དེང་རིག་པའི་གནས་ལ་མཁྱེན་རབ་ཀྱི་སྣང་བ་རྣམ་པར་རྒྱས་པ། གངས་ཅན་བོད་ཀྱི་ཆོས་རིག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱོགས་ལ་ཐུགས་བསྐྱེད་དང་སྤོབས་པ་མཆོག་ཏུ་དགེ་ཞིང་བརྟན་པར་མཐོ་བ། གོང་ས་རྒྱལ་བའི་དབང་པོ་མཆོག་གིས་ཀྱང་། དུས་ཀྱི་མཐའ་རུའང་གངས་ཅན་ཤར་ཕྱོགས་སུ། །ཡོངས་རྫོགས་རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ། །རྒྱ་ཆེན་ཐུགས་བསྐྱེད་རྨད་དུ་བྱུང་བ་ཡི། །ལུང་རྟོགས་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །ཞེས་བླ་ན་མེད་པའི་མཛད་ཕྲིན་གྱི་གནས་ལ་བདེན་གསུང་མགྲིན་པའི་དབྱངས་ཀྱིས་མངོན་པར་བསྔགས་པ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན་པདྨ་གར་དབང་འོད་གསལ་རིག་པའི་རྡོ་རྗེ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ཞེས་མཚན་གྱི་དབྱར་རྔས་ས་གསུམ་སྐྱེ་རྒུའི་མ་རིག་པའི་གཉིད་སྟུག་སངས་བར་བྱེད་པ་གང་ཉིད་ཀྱི་ཞལ་བཟང་ཉ་གང་ཟླ་བ་མི་འཇིགས་གསེར་ཁྲིའི་སྤོ་ན་མངོན་པར་འཆར་བཞིན་པ་འདི་དང་། སྔ་འགྱུར་རྩ་བའི་གདན་ས་ཁག་སོགས་ནས་ཕེབས་པའི་སྔ་འགྱུར་བསྟན་པའི་མཛེས་རྒྱན། སྙན་བརྒྱུད་མན་ངག་ཟབ་མོའི་མཛོད་འཛིན་ཅིང་། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པ།  སྨིན་གྲོལ་དབང་དང་གདམས་ཁྲིད་ཀྱི་བཀའ་བབས་ཤིང་། རྣམ་པར་དག་པའི་ཐུགས་བསྐྱེད་ཀྱིས་མཚོ་ སྐྱེས་རྒྱལ་བའི་རིང་ལུགས་ལ་བླ་ན་མེད་པའི་མཛད་རྗེས་རྒྱ་ཆེ་བ་མང་པོའི་གསེར་ཞལ་མངོན་སུམ་བཞུགས་པ་འདི་དག་ནི་སྟོན་པ་ཕུན་སུམ་ཚོགས་པ།

1488534597723223.jpeg

དུས་ཕུན་སུམ་ཚོགས་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །ཞེས་གསུངས་པ་ལྟར། ཡར་ངོའི་ཚེས་བཅུའི་ཉིན་མོ་དང་། མར་ངོའི་ཚེས་བཅུའི་མཚན་མོ་ཁྱད་པར་དུ་དངོས་གྲུབ་མྱུར་བས་དུས་ཆེན་ཡིན་ཞིང་ལྷག་པར་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་ཀྱིས་མཛད་པ་རྒྱ་ཆེན་པོ་ཐམས་ཅད་ཡར་ངོའི་ཚེས་བཅུ་ཁོ་ན་ལ་མཛད་པ་ཤས་ཆེ་བས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ཐམས་ཅད་ཀྱང་ཨོ་རྒྱན་ཉིད་ཀྱི་མཛད་པ་ཕྲིན་ལས་ཀྱི་དུས་ཆེན་ཁོ་ན་ཡིན་ཏེ། སྤྲེལ་གྱི་ཟླ་བའི་ཚེས་བཅུ་ལ་དྷ་ན་ཀོ་ཤར་པདྨའི་སྦུབས་ལས་སྐུ་འཁྲུངས་པའི་དུས་ཆེན་ཡིན་པར་གཏེརགཞུང་ཚད་ལྡན་དུ་མར་བཤད་ཅིང་། དེ་ཡང་བོད་འདིར་རྩིས་གཞུང་འགྱུར་མགོ་མི་འདྲ་བའི་དབང་གིས་སྤྲེལ་ཟླའི་ངོས་འཛིན་མི་འདྲ་བ་གསུམ་དུ་བྱུང་ཞིང་དེའི་དབང་གིས་རྗེས་འཇུག་རྣམས་ཚེས་བཅུ་ཆེན་མོ་བྱེད་པའི་དུས་ཚིགས་མི་འདྲ་བ་དུ་མ་བྱུང་ཡང་། འདིར་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱིས་རྡོ་རྗེའི་གསུང་དུ་འཁྲུལ་བ་མེད་པ་བླ་མ་དགོངས་པ་འདུས་པའི་ཚེས་ཁང་རེའུ་མིག་ལ་ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱི་ཟླ་བ་ཉིད་སྟག་ཟླར་བྱས་ནས་བགྲང་བའི་རྗེས་སུ་འབྲངས་སྟེ་མཁས་གྲུབ་ཀརྨ་ཆགས་མེད་ལ་སོགས་དམ་པ་དུ་མ་ཞིག་གིས་རྩིས་གཞུང་བཀོད་ཅིང་། ཁྱད་པར་ཚེས་བཅུའི་དུས་ཚིགས་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས།  །སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །པདྨ་ང་དང་དངོས་སུ་མཇལ། །ཞེས་རྡོ་རྗེའི་ལུང་གིས་བསྔགས་པའི་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ཉིད་ཀྱིས། ཧོར་ཟླ་དྲུག་པའིཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལ་བྱོན། །ཅེས་ཐག་ཆོད་པར་གསུངས་པ་ཉིད་ཀྱི་རྗེས་སུ་འབྲངས་ན་ཧོར་ཟླ་བཅུ་གཉིས་པ་སྟག་གི་ཟླ་བ་ལ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷིས་སྤྱན་དྲངས་རྒྱལ་སར་མངའ་གསོལ། ཟླ་བ་དང་པོ་ཡོས་ལ་རྒྱལ་སྲིད་སྤངས་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། གཉིས་པ་འབྲུག་ཟླར་སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་། གསུམ་པ་སྦྲུལ་ལ་ཟ་ཧོར་རྒྱལ་པོས་གསོན་བསྲེག་མཛད་ཚེ་མེ་ཉིད་ཆུར་བསྒྱུར་བའི་རྫུ་འཕྲུལ་བསྟན། བཞི་བ་རྟ་ལ་ཨོ་རྒྱན་རྒྱལ་པོས་གུ་རུ་ཡབ་ཡུམ་གཉིས་ཙནྡན་གྱི་མེར་བསྲེགས་ཀྱང་མ་ཚིག་པར་དད་པའི་གནས་ལ་བཀོད། ལྔ་བ་ལུག་ལ་ལྷོ་ཕྱོགས་ཀྱི་རྒྱལ་ཁམས་སུ་བསྟན་ལ་འཚེ་བའི་མུ་སྟེགས་པ་རྣམས་ཐོག་གིས་བསྒྲལ། དྲུག་པ་སྤྲེལ་ལ་སིནྡྷུའི་རྒྱ་མཚོར་སྐུ་འཁྲུངས། བདུན་པ་བྱ་ལ་མཐའ་འཁོབ་ཀྱི་རྒྱལ་པོས་ཟངས་ཁ་སྦྱོར་དུ་བཅུག་ནས་བསྐུར་ཀྱང་རྫུ་འཕྲུལ་གྱིས་ནམ་མཁར་བྱོན། བརྒྱད་པ་ཁྱི་ལ་མུ་སྟེགས་ངན་པས་ཟས་དུག་ཅན་དྲངས་ཀྱང་ཅུང་ཟད་མ་གནོད་པར་གཟི་མདངས་ལྷག་པར་རྒྱས་པའི་ཚུལ་བསྟན། དགུ་བ་ཕག་ལ་བལ་ཡུལ་ཡང་ལེ་ཤོད་དུ་ཕེབས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ནས་བལ་ཡུལ་དང་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། བཅུ་པ་བྱི་བར་བོད་ཡུལ་དུ་ཕེབས་ནས་ཧས་པོ་རིའི་རྩེར་ལྷ་སྲིན་དམ་ལ་བཞག་ཏེ་བསམ་ཡས་ཀྱི་ས་བཏུལ། བཅུ་གཅིག་པ་གླང་གི་ཟླ་བའི་ཚེས་བཅུར་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པར་དགོངས་ནས་བསམ་ཡས་མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་མཛད་དེེ་གཏེར་ཁ་སྦས་པའི་ལྟ་གོན་དུ་ལྷ་འདྲེ་དབང་དུ་བསྡུས་ཏེ་གཏེར་གྱི་གཉེར་བྱང་གཏད་པའི་དུས་ཆེན་ཡིན་ཞིང་། དེ་ལྟ་བུའི་དུས་ཚེས་ཁྱད་པར་ཅན་དེ་དག་ལས་ད་རེས་ཀྱི་སྐབས་འདིར་ནི་ཆེས་ཁྱད་དུ་འཕགས་པ་སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་ཡར་ངོའི་ཚེས་པ་བཅུ་སྟེ། རབ་འབྱམས་ཞི་ཁྲོའི་སྤྱི་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་ལྷོ་ནུབ་སིནྡྷུའི་རྒྱ་མཚོ་རུ་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་པའི་དུས་ཚེས་ཁྱད་པར་ཅན་འདི་ཉིད་དུས་ཕུན་སུམ་ཚོགས་པ། 

ཆོས་ཕུན་སུམ་ཚོགས་པ་ནི། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་ཆོས་བཞི་འམ་བཅོ་ལྔས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན་ཞིང་། དེ་ལ་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མ་གཉིས་ལས། འདིར་ཆེ་བ་དྲུག་གིས་ཁྱད་པར་དུ་གྱུར་བ་སྔ་འགྱུར་རྙིང་མ། དེ་ལ་ཡང་ཞལ་ནས་གསུངས་བའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་ཡོད་པ་ལས་འདི་ནི་རྗེས་སུ་གནང་བའི་གཏེར་མ་སྟེ། དེ་ཡང་དུས་གསུམ་གཏེར་སྟོན་རྒྱ་མཚོའི་གཙུག་ནོར་གཏེར་ཆེན་མཆོག་ཆེན་པོ་གཉིས་ཀྱི་ཡ་གྱལ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་ཕྱོགས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་བླ་སྒྲུབ་གསང་བ་འདུས་པ་དང་། 

འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་རྒྱལ་སྲས་ལྷ་རྗེ་ཟུང་དུ་འཇུག་པའི་རྣམ་རོལ་རིག་འཛིན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རམ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ནང་ཚན། བླ་མ་རིག་འཛིན་འདུས་པ་དང་། ཨོ་རྒྱན་ལས་འཕྲོ་གླིང་པའམ་རིག་འཛིན་མཇའ་ཚོན་སྙིང་པོས་ཉང་ཝ་རཱ་ན་ངོས་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་སུ་གྲགས་པའི་ཆོ་ག་རྩ་བ་གསུམ་གྱི་དྲིལ་སྒྲུབ་ཁྱད་པར་ཅན་དག་གི་དལ་ཞལ་མངོན་དུ་ཕྱེས་པ་འདི་དག་ནི་ཆོས་ཕུན་སུམ་ཚོགས་པ།

འཁོར་ཕུན་སུམ་ཚོགས་པ།

འཆད་པ་ལེགས་བཤད་ཉི་མའི་འོད་ཟེར་གྱིས་ཤེས་བྱ་རིག་པའི་གནས་ཤིན་ཏུ་ཕྲ་ཞིང་ཟབ་པ་རྣམས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བར་སྟོན་ཅིང་། རྩོད་པ་ལུང་རིགས་གནམ་ལྕགས་ཀྱི་རྡོ་རྗེས་ལོག་རྟོག་གི་རི་བོ་ཕྱེ་མར་འཐག་ཅིང་། རྩོམ་པ་སྙན་ཚིག་ཨུཏྤལའི་ཕྲེང་བ་ཚར་དུ་དངར་བས་རྣམ་དཔྱོད་ཡངས་པའི་མཁས་པ་རྣམས་ཀྱི་རྣ་བར་མཛེས་པར་མཛད་པའི་མཁས་དབང་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་།  བསླབ་གསུམ་ལུང་རྟོགས་ཀྱི་རྒྱན་གྱིས་སྤ་བའི་དགེ་འདུན་འདུས་པའི་སྡེ། གཏོང་ཕོད་བསོད་ནམས་ཀྱིས་མངོན་པར་མཐོ་བའི་སྦྱིན་བདག །བར་སྣང་ལ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ། ས་གཞི་ལ་དད་འདུས་མི་ཡི་ཁྲོམ་ཚོགས་དང་བཅས་པ་ནི་འཁོར་ཕུན་སུམ་ཚོགས་པ།  

དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས། ཇི་སྐད་དུ་རྡོ་རྗེ་ལས་རིམ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བརྟག །ཅེས་པ་ལྟར་སྤྱི་ཁྱད་ལྷག་པའི་དམ་ཚིག་རྣམ་པར་དག་ཅིང་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གཅིག་ཏུ་བརྩོན་པའི་སྐལ་ལྡན་འདུས་པའི་ཚོགས་ཀྱིས། ཕྱི་ནང་གསང་བའི་ཡོ་བྱད་སྤྱི་དང་ཁྱད་པར་ཐབས་དང་ཤེས་རབ་ཀྱི་རྫས་དང་རྡོ་རྗེའི་གླུ་གར་དང་རོལ་མོའི་སྤྲིན་ཕུང་དུ་མ་མངོན་པར་འདུ་བྱས་པ་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་རྣམས། མེ་ཏོག་གི་ཚོམ་བུར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་དང་ཏིང་ངེ་འཛིན་གྱིས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས་པའི་དངོས་གྲུབ་ལྷའི་ཚོགས་རྣམས་ལ་ཕུལ་བས། ཚོགས་ཞིང་རྣམས་མཆོད་པས་ཚིམ་པ། རྣལ་འབྱོར་པ་རྣམས་བཟའ་གཏུང་གིས་ཚིམ་པ། སྙིང་གའི་ཡེ་ཤེས་སེམས་དཔའ་བདུད་རྩིས་ཚིམ་པ། ལུས་དཀྱིལ་གྱི་ལྷ་རྣམས་འབར་འཛག་གིས་ཚིམ་པ། འབྱུང་པོ་རྣམས་གཏོར་མས་ཚིམ་པ། ཕྱི་ནང་གི་མཁའ་འགྲོ་མ་རྣམས་རྡོ་རྗེའི་གླུས་ཚིམ་པ་སྟེ་ཚིམ་པ་དྲུག་དང་ལྡན་པའི་རིག་འཛིན་དཔའ་བོའི་དགའ་སྟོན་འདི་ལྟ་བུ་ལ་རོལ་བའི་མཐུས། ཐབས་བསྐྱེད་རིམ་དང་འབྲེལ་བའི་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་རྫོགས་རིམ་གྱིས་བསྡུས་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་མྱུར་དུ་རྫོགས་ཏེ་ཟུང་འཇུག་སྐུ་བཞིའི་གོ་འཕང་བདེ་བླག་ཏུ་འགྲུབ་པ་དང་། ཁྱད་པར་གུ་རུ་ཉིད་ཀྱི་ཞལ་ནས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་། །དུས་ཀྱི་ཚེས་བཅུ་ཐམས་ཅད་ལ། །སྤྲུལ་བ་འཛམ་གླིང་ཁྱབ་པར་འགྱེད།  །མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར། །མི་ཚེ་བླ་མའི་སྒྲུབ་པ་ལ། བསྐྱལ་ནས་ཚེ་ཡི་དུས་བྱས་ཚེ། །ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ། ཞེས་དང་། པདྨ་བཀའ་ཐང་ལས། ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང་། །རླུང་ཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་ཕུལ། །ཞེས་སོགས་གསུངས་པ་བཞིན་ཡར་ངོའི་ཚེས་བཅུ་ནམ་ཤར་དུ་གུ་རུ་ཉིད་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་བོད་ཡུལ་དུ་འབྱོན་པ་དང་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་འཛམ་བུའི་གླིང་ཁྱབ་པར་ཉུལ་ཞིང་ཚོགས་ཁང་དང་སྒྲུབ་གནས་གང་ཡོད་དུ་སྒྲུབ་པ་པོའི་རྒྱུད་ཚོད་ཉུལ་ཏེ་ཚུལ་བཞིན་སྤྱོད་པ་ལ་དངོས་གྲུབ་སྟེར། ཉེས་པ་སྤྱོད་པ་ལ་ཆད་པ་གཅོད་པ་ཡིན་པས་ཚེས་བཅུའི་དུས་མཆོད་ཀྱི་སྐབས་སུ་གུ་རུ་ཉིད་ལ་མོས་གུས་ཀྱི་གདུང་ཤུགས་བསྐྱེད་ཅིང་བསྐྱེད་རྫོགས་ཀྱི་དོན་ལས་མི་གཡེལ་བར་འབད་ན་གང་འདོད་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ངེས་པར་གསུངས་ཏེ། རིག་འཛིན་འཇིགས་མེད་གླིང་བས། དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས། །ཁྱོད་ཀྱི་མཛད་པ་ཕྲིན་ལས་དུས་ཆེན་དང་། མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས། །ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་། །འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། །རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །ཆར་ཆུ་འབེབས་ཤིང་མི་ཕྱུག་ནད་ཡམས་ཞི། །དམག་འཁྲུག་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་པ། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི། །བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཉིད། །ཅེས་དང་། ཞལ་གདམས་གསེར་ཕྲེང་ལས། ཁྱད་པར་དུས་ཆེན་ཚེས་བཅུར་ཨོ་རྒྱན་ང་༔ གངས་ཅན་བོད་ཡུལ་ས་སྟེང་ཁྱབ་པར་འོང་༔ ཉི་ཟླའི་ཟེར་དང་འཇའ་ཆེན་ཆར་རྡུལ་ལ༔ ཆིབས་ཏེ་མོས་པའི་བུ་ཡི་བར་ཆད་སེལ༔ ཇི་ལྟར་འདོད་པའི་དབང་བཞི་མི་བསྐུར་རེ༔ ཐ་ཚིག་ཡིན་ནོ་པདྨས་བསླུ་རེ་ཀན༔ ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཚུགས༔ བཀའ་བཞིན་སྒྲུབ་པས་རྒྱལ་ཁམས་བདེ་ལ་འགོད༔ ཅེས་སོགས་རྡོ་རྗེའི་ལུང་མཐའ་ཡས་པས་ན་དུས་ཚེས་ཁྱད་པར་བ་འདི་ཉིད་དུ་རྒྱལ་ཀུན་འདུས་ཞལ་མཚོར་འཁྲུངས་རྒྱལ་བའི་དབང་པོ་རྩ་གསུམ་སྲུང་མ་དང་བཅས་པར་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་བ་ན། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ཤིང་གེགས་དང་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བ་དང་། ཕྱི་མ་དག་པའི་ཞིང་མཆོག་ཟངས་མདོག་དཔལ་གྱི་རི་བོར་ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བའི་དགོས་གནད་ཁྱད་པར་ཅན་དང་ལྡན་པ་ཡིན་པས་འདུས་པ་ཡོངས་ནས་དད་པ་སྤྲོ་བའི་སྒོ་ནས་ཆོ་གའི་ལས་རིམ་ལ་འཇུག་པར་ཞུ་ཞུ།

དེ་ལྟར་ལེགས་བཤད་གཏམ་གྱི་སྦྱོར་བ་ཅུང་ཟད་འཕགས་ཚོགས་མཁས་དབང་འདུས་པའི་སྙན་ལམ་དུ་ཕུལ་བའི་མཐུས། ཕན་བདེ་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་འཛིན་སྐྱེས་བུ་ཡོངས་ཀྱི་ཐུགས་བཞེད་གེགས་མེད་འགྲུབ་ཅིང་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་པ་དང་། དགེ་འདུན་འདུས་པ་མཐའ་དག་ཐུགས་མཐུན་ཁྲིམས་གཙང་ངང་སྤང་ཀློག་གི་བྱ་བས་དུས་འདའ་བ་དང་། དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་གཞི་བདག་རྣམས་དབུ་འཕངས་མཐོ་ཞིང་གཟི་བྱིན་རྒྱས་པས། ཡུལ་ཕྱོགས་ཐམས་ཅད་དུ་བཀྲ་ཤིས་དང་དགེ་མཚན་གྱིས་ཁྱབ་པ་སོགས། བདེ་ལེགས་སྣང་བ་ཆེན་པོ་དུས་རྟག་ཏུ་འཆར་བར་གྱུར་ཅིག།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།