ན་མོ་གུ་རུ།
ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་སྤྱིའི་རྟེན་བསྐྱེད་ལ།
ཐོག་མར་སྐྱབས་སུ་འགྲོ་བ་ནི།
ན་མོ༔
བླ་མ་བདེ་གཤེགས་འདུས་པའི་སྐུ༔
དཀོན་མཆོག་གསུམ་གྱི་རང་བཞིན་ལ༔
བདག་དང་འགྲོ་དྲུག་སེམས་ཅན་རྣམས༔
བྱང་ཆུབ་བར་དུ་སྐྱབས་སུ་མཆི༔
སེམས་བསྐྱེད་ནི།
སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔
བླ་མ་སངས་རྒྱས་བསྒྲུབས་ནས་ནི༔
གང་ལ་གང་འདུལ་ཕྲིན་ལས་ཀྱིས༔
འགྲོ་བ་བསྒྲལ་བར་དམ་བཅའོ༔
ཡན་ལག་བདུན་པ་ནི།
བླ་མ་ཡི་དམ་མཁའ་འགྲོ་གཤེགས༔
ཉི་ཟླ་པདྨའི་གདན་ལ་བཞུགས༔
ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔
ཕྱི་ནང་གསང་བའི་མཆོད་པ་འབུལ༔
ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔
གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔
སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔
མྱ་ངན་མི་འདའ་བཞུགས་སུ་གསོལ༔
སྙིང་པོ་སེམས་ཅན་དོན་དུ་བསྔོ༔
ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔
རྟེན་བསྐྱེད་པ་ནི།
མདུན་གྱི་ནམ་མཁར་འོད་ལྔའི་ཀློང༔
སེང་ཁྲི་པདྨ་ཉི་ཟླའི་སྟེང༔
སྐུ་གསུམ་རྒྱལ་བ་འདུས་པའི་དངོས༔
རྩ་བའི་བླ་མ་པདྨ་འབྱུང༔
དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས༔
པད་ཞྭ་གསང་ཕོད་ཆོས་གོས་དང༔
ཟ་འོག་བེར་སྨུག་བརྗིད་པ་གསོལ༔
ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང༔
གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔
གྲུ་མོ་གཡོན་ན་ཁ་ཊྭཱཾ་འཆང༔
རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔
སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔
རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔
འཕྲོ་འདུའི་གཟི་བྱིན་ལམ་མེ་བ༔
མངོན་སུམ་བཞིན་དུ་བཞུགས་པར་གྱུར༔
ཅེས་གསལ་བཏབ་ལ། གསོལ་འདེབས་ལེའུ་བདུན་མ་དང་། བསམ་པ་ལྷུན་འགྲུབ་མ། གཞན་ཡང་ཚིག་བདུན་གསོལ་འདེབས་དང་། བར་ཆད་ལམ་སེལ་སོགས་གཏེར་ཁ་སྔ་ཕྱི་ལས་བྱུང་བ་དང་། དམ་པ་གོང་མའི་རྡོ་རྗེའི་གསུང་ཚོགས་བྱིན་རླབས་ཅན་གྱི་གསོལ་འདེབས་གང་རིགས་མོས་གུས་གདུང་ཤུགས་དྲག་པོས་བྱ། དེ་ཙམ་མི་ནུས་ན་བླ་མ་སྐུ་གསུམ་དང་། བསམ་པ་ལྷུན་འགྲུབ་ཁོ་ནས་ཀྱང་ཆོག གང་ལྟར་ཡང་མཇུག་ཏུ་ཐུགས་རྒྱུད་བསྐུལ་བའི་ཕྱིར་བཛྲ་གུ་རུའི་བཟླས་པ་ཅི་ནུས་བྱས་མཐར།
བླ་མའི་གནས་གསུམ་འབྲུ་གསུམ་ལས༔
འོད་ཟེར་རིམ་དང་ཅིག་ཆར་འཕྲོས༔
བདག་གི་གནས་གསུམ་ཐིམ་པ་ཡིས༔
དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔
ལམ་བཞི་བསྒོམ་པའི་སྣོད་དུ་གྱུར༔
མཐར་ནི་རང་ཐིམ་དབྱེར་མེད་ངང༔
བློ་འདས་ཆོས་སྐུའི་རང་ཞལ་བལྟ༔
དགེ་བ་འདི་ཡིས་མྱུར་དུ་བདག༔
ཨོ་རྒྱན་བླ་མ་འགྲུབ་གྱུར་ནས༔
འགྲོ་བ་གཅིག་ཀྱང་མ་ལུས་པ༔
དེ་ཡི་ས་ལ་འགོད་པར་ཤོག༔
ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་བོ། །ཞེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཐུགས་དམ་ཞལ་འདོན་དུ་འདི་ལྟར་བྲིས་ཞེས་བཀའ་སྩལ་པ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།