ན་མོ་གུ་རུ།
དཔལ་ལྡན་སྣང་བ་མཐའ་ཡས་ཀྱི།།
ཐུགས་རྗེའི་མཐུ་ལས་གང་སྤྲུལ་པ།།
པདྨ་འབྱུང་གནས་གྲུབ་པའི་གཙོ།།
འཆི་མེད་སྐུ་ལ་གསོལ་བ་འདེབས།།
ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི།།
མ་དག་ལས་སྣང་གདོད་ནས་རང་འགགས་པ།།
སྤྲོས་བྲལ་ཅིར་ཡང་མེད་པའི་གནས་ལུགས་གཟིགས།།
སྐྱེ་མེད་པདྨ་རྒྱལ་པོའི་སྐུ་ལ་འདུད།།
ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི།།
རང་བཞིན་རྣམ་དག་གདོད་ནས་རང་ཤར་བ།།
སྤྲོས་བྲལ་ཅིར་ཡང་འཆར་བའི་གནས་ལུགས་གཟིགས།།
འགགས་མེད་པདྨ་རྒྱལ་པོའི་སྐུ་ལ་འདུད།།
རྣམ་ཤེས་སེམས་དང་སེམས་བྱུང་ལ་སོགས་པའི།།
འཁྲུལ་པའི་སྣང་བ་གདོད་ནས་རང་འགགས་པ།།
སེམས་ཉིད་རྒྱུན་ཆད་མེད་པའི་གནས་ལུགས་གཟིགས།།
འཇིག་མེད་པདྨ་རྒྱལ་པོའི་སྐུ་ལ་འདུད།།
དགེ་དང་མི་དགེ་ལུང་མ་བསྟན་སོགས་པའི།།
ལས་རྣམས་རང་བཞིན་གདོད་ནས་སྟོང་པའི་ངང་།།
རྒྱུ་འབྲས་ཅིར་ཡང་འཆར་བའི་གནས་ལུགས་གཟིགས།།
མཐའ་བྲལ་པདྨ་རྒྱལ་པོའི་སྐུ་ལ་འདུད།།
སེམས་ཅན་ལས་ཉོན་སྡུག་བསྔལ་ལ་སོགས་པའི།།
ཀུན་རྫོབ་ཐམས་ཅད་གདོད་ནས་སྟོང་པའི་ངང་།།
སྙིང་རྗེ་ཅིར་འཆར་ཡང་བའི་གནས་ལུགས་གཟིགས།།
ཟུང་འཇུག་པདྨ་རྒྱལ་པོའི་སྐུ་ལ་འདུད།།
མ་དག་སྣོད་བཅུད་ཡེ་ནས་སྟོང་པའི་ངང་།།
དག་སྣང་ལྷ་སྐུ་རང་ཤར་འཇའ་ཚོན་འདྲ།།
བསྐྱེད་རིམ་མ་ཧཱ་ཡོ་གའི་ལམ་སྟོན་པ།།
སྣང་སྟོང་པདྨ་འབྱུང་གནས་སྐུ་ལ་འདུད།།
མ་དག་རྩ་རླུང་ཡེ་ནས་སྟོང་པའི་ངང་།།
ཐིག་ལེ་བདེ་སྟོང་རང་ཤར་རྨི་ལམ་འདྲ།།
རྫོགས་པ་ཨ་ནུ་ཡོ་གའི་ལམ་སྟོན་པ།།
ལྷན་སྐྱེས་པདྨ་འབྱུང་གནས་སྐུ་ལ་འདུད།།
འཁོར་འདས་སྣང་སྲིད་མ་བཅོས་སྤྲོས་དང་བྲལ།།
རང་རིག་རང་གསལ་ཐིག་ལེ་ལུ་གུ་རྒྱུད།།
རྫོགས་ཆེན་ཨ་ཏི་ཡོ་གའི་ལམ་སྟོན་པ།།
ལྷུན་གྲུབ་པདྨ་འབྱུང་གནས་སྐུ་ལ་འདུད།།
ཅེས་པའང་རྨི་ལམ་དུ་གསལ་བར་རྨིས་པ་སད་པ་ན་ཡང་མ་བརྗེད་པ་དག་རང་ལོ་ཉེར་དགུའི་དུས་ཀྱི་ལོ་གསར་བ་ལའོ།། །།མངྒ་ལཾ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།