རྫོགས་ཆེན་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་དགུ་ལྡན་བརྒྱུད་པའི་གཟི་འོད།

1550352245807115.jpeg

༄༅། །རྫོགས་ཆེན་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་དགུ་ལྡན་བརྒྱུད་པའི་གཟི་འོད་ཅེས་བྱ་བ་བཞུགས་སོ། །

 དེ་ལ་འདིར་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་ས་མཆོག་གྱུར། རྒྱལ་བསྟན་ལུང་དང་རྟོགས་པའི་རྩ་ལག་ཆེན་པོ། བསླབ་གསུམ་ཡོན་ཏན་གྱི་ཕུང་པོ་རྒྱ་ཆེ་ཞིང་། མཁྱེན་བརྩེ་ཡེ་ཤེས་ཀྱི་སྤྱན་རས་མཆོག་ཏུ་གསལ་བ། རིམ་གཉིས་ཏིང་འཛིན་གྱི་དགོངས་སྤྱོད་མཁའ་ལྟར་ཡངས་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཙོར་མཛད། རིག་གྲོལ་ཡོན་ཏན་རྒྱ་མཚོའི་མངའ་བདག་འཕགས་ཚོགས་འདུས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་བྱ་ལ། སྤྱིར་གཏམ་ལ་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་རྣམ་བཞག་དང་། མས་གཏམ་འཇིག་རྟེན་སྲིད་པའི་ལོ་རྒྱུས་སྟེ་གཉིས་ཡོད་པ་ལས། སྐབས་འདིར་བཤད་བྱ་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་རྣམ་བཞག་ལ། བླ་མས་གསུངས་བར་འོས་པ་དང་། ཕལ་བས་ཞུ་བར་འོས་པ་གཉིས་ཡོད་པ་ལས། དང་པོ་བླ་མས་གསུང་བར་བྱ་བ་དེ་ལ། སྨིན་བྱེད་ཀྱི་དབང་དང་འབྲེལ་བ་དམ་ཚིག་གི་རྣམ་བཤད། གྲོལ་བྱེད་ཀྱི་གདམས་ཁྲིད་དང་འབྲེལ་བ་ཉམས་ལེན་གྱི་གནད་འགགས། གཉིས་ཀ་ཐུན་མོང་དང་འབྲེལ་བ་བརྒྱུད་པའི་ལོ་རྒྱུས། ཡོན་བདག་གི་ཚོགས་གསོག་དང་འབྲེལ་བ་བསྔོ་བ་དང་ཡོན་བཤད། ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བ་སྤང་བླང་གི་ཞལ་བཀོད་དང་ལྔ་ཡོད་པ་ལས།  འདིར་སྐབས་སུ་བབས་པ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་དང་འབྲེལ་བའི་སྤང་བླང་གི་རྣམ་བཞག་གདན་ས་ཆེན་མོ་འདི་ཉིད་ཀྱི་བརྒྱུད་པའི་ཕྱག་སྲོལ་ལྟར་ཅུང་ཙམ་ཞུ་ན།

 1519245405644137.jpeg

《 རྫོགས་ཆེན་མཁན་པོ་ཨོ་རྒྱན་རིག་འཛིན་མཆོག 》

དེ་ཡང་ཇི་སྐད་དུ། ཡིད་ཆེས་ངེས་པ་སྦྱིན་པའི་ཕྱིར། །ཐོག་མར་བརྒྱུད་པའི་ལོ་རྒྱུས་བརྗོད། །ཉམས་ལེན་སྲང་དུ་འཛུད་པའི་ཕྱིར། །སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད། །བསྙེན་སྒྲུབ་མཐའ་རུ་དབྱུང་བའི་ཕྱིར། །རྒྱུན་གྱི་བསླབ་སྤྱོད་བསྡུས་ཏེ་བཤད། །ཅེས་པ་ལྟར།ཐོག་མར་ཟབ་མོའི་ཆོས་ཀྱི་ཆེ་བ་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བརྒྱུད་པའི་ལོ་རྒྱུས་བཤད་པ་དང་། བར་དུ་ཉམས་ལེན་བསྐྱེད་རྫོགས་ལ་གནད་དུ་བསྣུན་པའི་ཕྱིར་དངོས་གཞི་བསྙེན་སྒྲུབ་ཀྱི་སྟོང་ཐུན་བཤད་པ། ཐ་མར་བསྙེན་སྒྲུབ་བཟླས་བརྗོད་ཀྱི་བྱ་བ་མཐར་ཕྱིན་པའི་ཆེད་བསླབ་བྱ་བཅའ་བསྒྲིགས་ཀྱི་རྣམ་བཞག་བཤད་པ་སྟེ་ས་བཅད་ཀྱི་ཆིངས་ཆེན་པོ་གསུམ་གྱིས་བཅིང་ནས་བཤད་པ་ལ། དང་པོ་ཟབ་མོའི་ཆོས་འདིའི་བརྒྱུད་པའི་ལོ་རྒྱུས་ནི། སྤྱིར་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་ལ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་ཆོས་སྐོར་ཏེ་རྣམ་པ་གསུམ་དུ་བཞུགས་པ་ལས། དང་པོ་རིང་བརྒྱུད་བཀའ་མའི་དབང་དུ་བྱས་ན་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་རྣ་བར་བརྒྱུད་པ་སྟེ་བརྒྱུད་པ་གསུམ་ལྡན་དང་། གཉིས་པ་ཉེ་བརྒྱུད་གཏེར་མ་ལྟར་ན་དེའི་སྟེང་དུ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ།  ཤོག་སེར་ཚིག་གི་བརྒྱུད་པ་སྟེ་བརྒྱུད་ཚུལ་དྲུག་གམ། ཡང་ན་དྲུག་པ་ཤོག་སེར་ཚིག་གི་བརྒྱུད་པ་མི་བརྩི་བར་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་དང་། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཉིས་བསྣན་པས་བདུན་ལྡན་དང་། ད་དུང་དེའི་སྟེང་དུ་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང་། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་གཉིས་བསྣན་ནས་བརྒྱུད་པ་དགུ་ལྡན་དུ་བཤད་པའི་སྲོལ་མཆིས་པ་ལས། འདིར་ཁྱད་ཆོས་ཆེ་བ་དུ་མས་ཁྱད་དུ་འཕགས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཆོས་བཀའ་འདི་ཉིད་རིང་ལུགས་གྲུབ་དབང་རྫོགས་ཆེན་པས་ཕྱག་བཞེས་འཕྲིན་སྒྲུབ་ཏུ་བསྟར་བ་འདི་ཉིད་ལ་བརྒྱུད་པའི་བབས་ཚུལ་དགུ་དང་ལྡན་པ་སྟེ། དེ་ཡང་འོག་མིན་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཞིང་ན་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད། ངེས་པ་ལྔ་ལྡན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོར། ཁ་སྦྱོར་ཡན་ལག་བདུན་ལྡན་གསུང་རྡོ་རྗེ་འོད་དཔག་མེད་སོགས་ལྷུན་རྫོགས་ལོངས་སྐུའི་སྟོན་པ་རིགས་ལྔ་གངས་ཆེན་མཚོའི་རྣམ་པར་སྣང་བ་དང་། དེ་ལས་གང་འདུལ་ཆུ་ཟླའི་རོལ་གར་མཆོག་གི་སྤྲུལ་བའི་སྐུའི་སྒྲོན་མེ་རྣམ་པར་བཀོད་པ་དག་ལ། སྟོན་པ་ཆོས་ཀྱི་སྐུས་སྒྲ་ཚིག་བརྗོད་པ་དང་བྲལ་བའི་སྒོ་ནས་འོད་གསལ་ཐེག་པ་མཆོག་གི་དགོངས་དོན་མ་གབ་མངོན་དུ་བསྟན་པ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། གསུང་རྡོ་རྗེ་འོད་སྣང་མཐའ་ཡས་པའི་རྒྱལ་བ་དེ་ཉིད་ཀྱི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཉིད། གདུལ་བྱའི་ཡུལ་ལ་རྣམ་བཅས་སྒྱུ་མའི་མཚན་དཔེར་ཤར་བ་བདེ་གཤེགས་གསུང་གི་སེམས་དཔའ་ཆེན་པོ། འཕགས་མཆོག་ཁ་སར་པ་ཎི་ཉིད་འཛམ་གླིང་སྤྱི་དང་ཁྱད་པར་བྱང་ཕྱོགས་གངས་ལྡན་གྱི་གདུལ་བྱའི་དོན་དུ། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འདབ་སྟོང་པདྨའི་སྙིང་པོར། རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་པའི་སྣང་སྲིད་ཟིལ་གནོན་གྱི་སྤྱི་དཔལ་ཆེན་པོ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཉིད་ལ། རིག་འཛིན་གྱི་རྒྱལ་བོ་རྡོ་རྗེ་ཆོས་སོགས་ཀྱིས་བརྡ་ཐབས་བསྟན་པ་ལ་བརྟེན་ནས་རྟོགས་པ་ཀློང་དུ་གྱུར་ཏེ་སླར་ཡང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སར་བཤེགས་པའི་ཚུལ་བསྟན་པ་ནི་རིག་འཛིན་བརྡ་བརྒྱུད། དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝ་དེ་ཉིད་ཀྱིས། ཟབ་ལམ་བླ་མའི་སྒྲུབ་པ་ཕྱི་ནང་གསང་བའི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་གཏན་ལ་ཕབ་ཏེ། དེ་དག་གི་ཡང་སྙིང་བཅུད་དུ་དྲིལ་བའི་བསྐྱེད་རྫོགས་ཀྱི་ཆོས་བཀའ་ཟབ་མོ་འདི་ཉིད། དབྱིངས་ཕྱུག་ཌཱཀྐིའི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་དང་། ཐུགས་སྲས་ཡོངས་ཀྱི་ཐུ་བོ་འོད་གསལ་རྫོགས་ཆེན་གྱི་ལམ་ལས་སྣང་བཞིའི་ཕ་རོལ་དུ་སོན་པས་གདོས་བཅས་འོད་སྐུར་གཤེགས་པའི་གྲུབ་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་ནང་ཚན། ཏིང་འཛིན་ཟག་མེད་འོད་གསལ་ཆེན་པོར་དབང་སྒྱུར་བའི་ཉང་བན་ཏིང་འཛིན་བཟང་པོ་ལ་གནང་བ་ནས། རིམ་བཞིན་ཟབ་ཆོས་འདི་ལ་རྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ། ད་ལྟའི་བར་རྒྱུན་མ་ཆད་པར་བྱོན་པ་དག་ཕན་ཚུན་བླ་སློབ་དམ་ཚིག་གིས་འབྲེལ་ཏེ་ཆོས་བཀའ་འདིའི་དབང་ཁྲིད་མན་ངག་གི་ཟབ་ཆོས། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཆད། དམ་ཉམས་དང་འདྲེས་ཁྱེར་གྱི་སླད་མ་ཞུགས་པར་ཞལ་ནས་སྙན་དུ་བརྒྱུད་པ་ནི་གང་ཟག་སྙན་བརྒྱུད་དང་། དུས་གསུམ་ཀུན་མཁྱེན་སློབ་དཔོན་སངས་རྒྱས་གཉིས་པས། ཉང་བན་ཏིང་འཛིན་བཟང་པོ་ཉིད་ཆོས་འདིའི་བདག་པོ་རུ་དགོངས་པ་གཏད་དེ་བྱིན་གྱིས་བརླབས་ནས། ཇི་སྐད་དུ། རྒྱ་གར་གྷུ་ཏ་ཝ་དང་བྷི་ས་ན། །པནྜི་ཏ་ནི་གཉིས་གསུམ་བོད་དུ་འོང་། །ལྷ་སའི་ཇོ་ཤག་འདི་ལ་མཆོད་པ་བྱེད། །ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ལས་འཕྲོ་གླིང་བ་ཞེས་བྱ་འབྱུང༔ ཞེས་སོགས་རྡོ་རྗེའི་ཚིག་གིས་ལུང་བསྟན་གནང་བ་དང་། ཕྱིས་གདུལ་བྱའི་འགྲོ་དོན་དུས་ལ་བབས་པའི་ཚེ་ཉང་བན་ཆེན་པོའི་རྣམ་འཕྲུལ། སྔགས་འཆང་ཧཱུྃ་ནག་མེ་འབར། རིག་འཛིན་འཇའ་ཚོན་སྙིང་པོ། ཨོ་རྒྱན་ལས་འཕྲོ་གླིང་བ་ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་སྤྲུལ་བའི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས། ཉང་ཝ་ར་ན་ཧཾ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཆོས་བཀའ་འདི་སྤྱན་དྲངས་ཤིང། གདམས་པའི་བྱིན་བརླབས་ཀྱི་བབས་སོ་མཐའ་དག་ཡོངས་སུ་རྫོགས་པ་ནི་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་བར་ཁང་གཡུ་ཞལ་འབར་བ་རུ། གུ་རུ་རིན་པོ་ཆེས་མ་འོངས་པའི་དུས་སུ་ཉང་བན་ཏིང་འཛིན་བཟང་པོ་ཉིད་ཆོས་བཀའ་འདིའི་གཏེར་ཡིག་དང་འཕྲད་པར་བདེན་ཚིག་སྨོན་ལམ་གྱིས་དབང་སྐུར་བ་ལྟར། ཉང་བན་ཉིད་ཀྱིས་ཀྱང་བདག་སླད་མའི་དུས་སུ་ཆོས་འདི་དང་འཕྲད་པར་གྱུར་ཅིག ཕྲད་མ་ཐག་ཏུ་ད་ལྟ་དབང་དང་མན་ངག་འདི་ལྟར་ཐོབ་པའི་བག་ཆགས་གསལ་བོར་སད་པར་གྱུར་ཅིག་ཅེས་སློབ་དཔོན་ཆེན་པོའི་དྲུང་དུ་སྨོན་ལམ་རྣམ་པར་དག་པ་བཏབ་པ་ནི་སྨོན་ལམ་དབང་སྐུར་གྱི་བརྒྱུད་པ། དེའི་དུས་སུ་གནས་དང་ཡུལ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ་ཏིང་ངེ་འཛིན་གྱི་རྩལ་འཆང་བ་རྣམས་ལ། སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་གྱིས་གཏེར་དཔེ་དངོས་སུ་གཏད་དེ་ཉང་བན་ཏིང་འཛིན་བཟང་པོའི་ལས་ཀྱི་འཕྲོ་མཐུད་པའི་ཆ་རྐྱེན་དུ་བྱིན་ཅིག་ཅེས་བཀའ་བགོས་པ་ལྟར། ཉང་བན་མཆོག་གི་སྐུ་ཚེ་འདིར་ཆོས་བདག་མཁའ་འགྲོ་མ་རྣམས་ཀྱིས་ཤོག་སེར་ཕྱག་ཏུ་སོན་པའི་ཕྱི་ནང་གི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིགས་པས་གཏེར་བདག་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་གཏེར་དཔེ་དངོས་སུ་གཏད་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པདྨ་རིག་འཛིན་ཉིད་རིག་འཛིན་འཇའ་ཚོན་སྙིང་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཏེ། ཟབ་ཆོས་འདིའི་གདམས་པ་མཐའ་དག་བསྩལ་བ་ལྟར། གྲུབ་དབང་དམ་པ་དེ་ཉིད་ཀྱིས་ཐུགས་སྲས་ཉི་ཟླ་སྐར་གསུམ་སོགས་ལ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཟབ་ཆོས་འདིའི་བཀའ་དབང་སྨིན་ཁྲིད་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་གྱིས་གནང་བ་ལྟར། དེ་དག་ནས་རིམ་བཞིན་ཞལ་ནས་སྙན་དུ་བརྒྱུད་པའི་གདམས་པ་ཟབ་མོ་ད་ལྟའི་བར་ཟམ་མ་ཆད་པ་བཞུགས་པ་ནི་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ། 

IMG_5726.JPG

ཁམས་པ་རྫོགས་ཆེན་པ་གྲུབ་དབང་པདྨ་རིག་འཛིན་གྱིས་བགྲང་བྱ་བཅུ་ཕྲག་མང་པོར་བུག་སྒོ་འདག་སྦྱར་གྱིས་ཟབ་ཆོས་འདིའི་བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཉམས་བཞེས་རྩེ་གཅིག་མཛད་དེ། གྲུབ་པའི་རྒྱལ་སར་མཐོན་པོར་བཤེགས་པ་ནི་ཉམས་ལེན་བྱིན་བརླབས་ཀྱི་བརྒྱུད་པ། གྲུབ་དབང་རྫོགས་ཆེན་པ་མཆོག་ནས་དབུ་བཟུང་སྟེ་ད་ལྟའི་བར་སྐུ་རབས་བདུན་དང་གདན་རབས་བཅུ་གཉིས་སློབ་བརྒྱུད་དང་བཅས་པས། ཟབ་ཆོས་འདི་ཉིད་ཀྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྦྱོར་བ་ས་ཡི་ཆོ་ག་དང་ལྷ་དང་བུམ་པ་སྟ་གོན་ནས། དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲུབ་གཞུང་བསྲང་ཏེ། མཇུག་ཐོ་རང་རྒྱལ་རྔ་རྡུང་བའི་དུས་སུ་ཐུགས་དམ་གནད་སྐུལ་གྱིས་རྩ་བ་གསུམ་གྱི་ལྷ་ལས་དངོས་གྲུབ་བླངས་བའི་མཐར། གུ་རུ་ཆོས་ཀྱི་དབང་ཕྱུག་གི་དག་སྣང་ཚེས་བཅུའི་གར་འཆམ་ཆེན་མོ་ལ་འཇུག་པའི་ཕྱག་བཞེས་དང་བཅས་པ། སྟེང་ན་རིག་འཛིན་བརྒྱུད་པའི་གདམས་པ་མ་འཁྱུག བར་ན་སྨན་རཀ་བདུད་རྩིའི་མཚོ་མོ་མ་སྐམ། འོག་ན་དཀྱིལ་འཁོར་གྲུ་བཞིའི་རྒྱན་བཀོད་མ་ཉམས། རྟ་དབྱངས་གདངས་ཀྱི་ཡན་ལག །འབུད་དཀྲོལ་རོལ་མོའི་གདུང་ཚུགས། མཛེས་རྩལ་གཏོར་མའི་བཟོ་དབྱིབས། ཡིད་འཕྲོག་གར་གྱི་སྟངས་སྟབས་སོགས་མཁས་གྲུབ་གོང་མའི་ཕྱག་བཞེས་ཟུར་ཙམ་ཡང་མ་ཉམས་ཤིང་།  སྣང་གསལ་མར་མེའི་བཀྲགས་མདངས་ཕྱོགས་ཀུན་འཚེར་ཅིང་། སྒྲུབ་རྟེན་གཏོར་མའི་བདུད་རྩི་འཛད་མེད་དུ་འབབ་པ། ཛ་གད་ཕུད་ཀྱི་ངད་པས་སྒྲུབ་ཁང་འགེངས་པ་འདི་ཉིད་ནི་ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་ཞེས་བྱ་བ་དེ་ཡིན་ནོ། དེ་ཡན་ཆད་དགུ་ལྡན་བརྒྱུད་པའི་བབས་ཚུལ་མདོ་ཙམ་ཞུས་གྲུབ་ནས།  ད་ནི་རྩ་བའི་ཆིངས་གཉིས་པ་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་དངོས་གཞི་སྟོང་ཐུན་གྱི་རྣམ་བཞག་ནི། སྤྱིར་ལམ་ངེས་རྫོགས་དང་། མོས་སློབ་ཀྱི་དབང་དུ་བྱས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་བཞག་སོ་སོར་ཡོད་ཀྱང་། ད་རེས་ཀྱི་སྐབས་སུ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་མོས་སློབ་ཀྱི་སྒྲུབ་མཆོད་ཞག་བདུན་མ་འདི་ལྟ་བུའི་དབང་དུ་བྱས་ན། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་གཉིས་ལས། དང་པོ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ལ་གང་དུ་སྒྲུབ་པའི་གནས་དང་། ནམ་སྒྲུབ་པའི་དུས། ཅིས་སྒྲུབ་པའི་ཡོ་བྱད། གང་གིས་སྒྲུབ་པའི་སྒྲུབ་པ་པོ། ཇི་ལྟར་སྒྲུབ་པའི་ཐབས་ཏེ་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་གང་དུ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་རྣམ་སྣང་གངས་ཆེན་མཚོའི་ཞིང་ཁམས་མི་མཇེད་འཇིག་རྟེན་ཁམས་ཀྱི་བྱེ་བྲག་ལྷོ་གླིང་ལས་ཀྱི་ས་བ་འདི་ལ། གནས་ཆེན་པོ་ཉི་ཤུ་རྩ་བཞི། ཡུལ་ཆེན་པོ་སུམ་བཅུ་རྩ་གཉིས། ཧེ་རུ་ཀ་རོལ་བའི་དུར་ཁྲོད་ཆེན་པོ་བརྒྱད་སོགས་ཁྲག་འཐུང་མངོན་རྫོགས་ཆེན་པོའི་སྟོན་པ་རྣམས་ཀྱིས་སྦྱོར་སྒྲོལ་བླ་ན་མེད་པའི་ཆོས་འཁོར་བསྐོར་ཞིང་། བདེ་ཆེན་ཚོགས་ཀྱི་འདུ་བར་དགྱེས་དགུར་རོལ་བའི་ཞིང་ཁམས་ཆེན་པོར་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་དུ་མ་ཞིག་ཡོད་པའི་ནང་ཚན། བོད་ཆེན་པོའི་ཡུལ་གྱི་བྱེ་བྲག །མདོ་སྨད་གངས་ར་ཉེར་ལྔའི་ཡ་གྱལ། ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བ། ཨོ་རྒྱན་སངས་རྒྱས་གཉིས་པས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་། མཐོང་ཐོས་དྲན་རེག་གི་སྐྱེ་རྒུ་མཐའ་དག་སྨིན་ཅིང་གྲོལ་བར་འགྱུར་བའི་ཆོས་དང་ནོར་གྱི་གཏེར་རིགས་མང་པོའི་མཛོད་དུ་སྒྲུབ་པ། གསང་ཆེན་བླ་མེད་ཀྱི་ཞིང་དུ་རུང་བའི་ངོ་མཚར་སྦས་ཡུལ་བཅོ་བརྒྱད་ཀྱི་བཀོད་པ་ཟག་མེད་སྒྱུ་མའི་ཕྱག་རྒྱས་སྟོང་གསུམ་ཡུངས་འབྲུར་འཇུག་པའི་ཚུལ་དུ་གནས་འདིར་རྒྱས་བཏབ་པས་སྒྲུབ་གནས་གཞན་ལས་ཁྱད་དུ་འཕགས་ཤིང་། རྒྱུད་སྡེ་ནས་གསུངས་པའི་གནམ་ས་བར་གསུམ་གྱི་མཚན་ཉིད་དང་། ཐུན་མོང་གཙུག་ལག་གི་གཞུང་ནས་བཤད་པའི་ས་ཡི་དཔྱད་མཐའ་དག་མ་ཚང་པ་མེད་པ་རུ་དམ་སྐྱིད་ཁྲོམ་གྱི་ལུང་པ་ཞེས་གྲགས་པ། ཕུ་འགྱུར་མེད་ཀྱི་གངས་རི་བརྟན་ཆགས་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་མདུན། མདའ་བཙུན་མོ་ཕྱག་རྒྱ་བསྣོལ་བ་འདྲ་བའི་པང་། བར་ནེའུ་གསེང་མར་ཁུའི་རྒྱ་མཚོ་འདྲ་བའི་ཟུར།  རྒྱབ་རི་གླང་ཆེན་དྲེས་ལ་ཉལ་བ་འདྲ་བའི་མཁལ་ཁུང་། སྟག་འབྲུག་སེང་གེའི་གདན་གྱིས་བཏེགས་པའི་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་ཚལ། ཨོ་རྒྱན་དྷུ་མ་ཐ་ལའི་གཞལ་མེད་ཁང་གཉིས་པར་གྱུར་བ་འདི་ཉིད་གནས་ཕུན་སུམ་ཚོགས་པ།  

1550352627515732.jpeg

གཉིས་པ་དུས་ཕུན་སུམ་ཚོགས་པ་ནི།

དེ་ཡང་ད་ལོའི་ལོ་འདི་ལེགས་སྦྱར་སང་ཀྲི་ཏ་ལྷའི་སྐད་དུ་སླ་བ་ཞེས་པ། སྟོད་འགྲེལ་བའི་བརྡར་འཕར་བ་ཞེས་གྲགས་པ། མ་ཧཱ་ཙི་ནའི་སྐད་དུ་ཟིན་ཚིའུ་དང་ཡུལ་གངས་ཅན་པའི་ལྗོངས་སུ་ལྕགས་མོ་གླང་དུ་འབོད་པའི་ལོའི་དཔྱིད་ཟླ་ར་བའམ་ཧོར་ཟླ་དང་པོ། མཉམ་མེད་ཐུབ་པ་ཆེན་པོའི་བསམ་ཡས་རྫུ་འཕྲུལ་གྱི་ནུས་པ་ཚད་མེད་པའི་ཆོ་འཕྲུལ་ཆེན་པོས་མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་ཚར་བཅད་པའི་དུས་ཆེན། རྣམ་དཀར་གྱི་དགེ་བ་གང་བྱས་འབུམ་དུ་འགྱུར་བའི་མཆུ་ཟླའི་ཡར་ངོ་། ཇི་སྐད་དུ། རིག་འཛིན་འཇིགས་མེད་གླིང་བས། མཆུ་ཟླར་རྒྱལ་སྲིད་སྤངས་ནས་བསིལ་ཚལ་དུ། །བརྟུལ་ཞུགས་སྤྱོད་པས་མཁའ་འགྲོ་དབང་དུ་བསྡུས། ཞེས་པ་ལྟར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དུར་ཁྲོད་ཆེན་པོ་རོ་གླིང་བསིལ་བའི་ཚལ་དུ་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱི་སྤྱོད་པས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་པས་གུ་རུ་ཤནྟ་རཀྵི་ཏ་ཞེས་གྲགས་ཤིང་། གསང་སྔགས་ཟབ་མོའི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་འདི་ནི་དུས་ཕུན་སུམ་ཚོགས་པ་དང་།

 གསུམ་པ་སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་གསུངས་པ་ལྟ་བུའི་རྒྱན་དང་གོས་ཀྱི་ཡོ་བྱད། བཟའ་དང་ཏུང་བའི་ཡོ་བྱད། བྲོ་གར་འདུ་འཕྲོའི་ཡོ་བྱད། གླུ་ཚིག་སྒྲ་ཡི་ཡོ་བྱད། ཨ་ལི་ཀ་ལིའི་ཡོ་བྱད་དེ་སྒྲུབ་པའི་ཡོ་བྱད་ལྔ་ཚང་ཞིང་། གཞན་ཡང་དངོས་གྲུབ་རྟེན་གྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད། བགེགས་བཟློག་རྫས་ཀྱི་ཡོ་བྱད་རྣམས་མ་ཚང་བ་མེད་པ་འདི་དག་གོ།

 བཞི་བ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། ད་ལམ་སར་གནས་འཕགས་ཆེན་དུ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་རྣམ་རོལ་མཁན་སྤྲུལ་དམ་པ་དུ་མ་ཞལ་འཛོམས་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་པས་མཚོན། དམ་ཚིག་ཤེས་རབ། སྙིང་རྗེ་བྱང་སེམས། ཏིང་འཛིན་བཟླས་བརྗོད་སོགས་ཀྱི་ཉམས་ལེན་དང་ལྡན་ཞིང་། ཆོ་ག་དབྱངས་རོལ། ཕྱག་རྒྱ་སྟངས་སྟབས། ཕྱག་བཞེས་ལས་འགྲིགས་སོགས་ལ་མཁས་ཤིང་མངའ་དབང་འབྱོར་བའི་འདུས་ཚོགས་ལྷན་རྒྱས་རྣམས་སོ། 

ལྔ་བ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། དེ་ཡང་རྩ་བ་གསུམ་གྱི་སྒྲུབ་ཐབས་བཀའ་གཏེར་དག་སྣང་གི་ཆོས་བཀའ་ཚད་མེད་པ་ཞིག་བཞུགས་པ་ལས། ད་རེས་ཀྱི་སྐབས་སུ་བབས་པ་ནི། འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྡེ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་དང་། མཚན་མེད་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་པ། བྱིན་རླབས་ཀྱི་རྩ་བ་བླ་མ་ཐམས་ཅད་རྒྱལ་དབང་པདྨ་འོད་འབར་གྱི་ངོ་བོར་སྒྲུབ་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་ཐམས་ཅད་དྲག་པོ་དམར་ནག་མེ་ཕྲེང་གི་ངོ་བོར་སྒྲུབ་པ། ཕྲིན་ལས་ཀྱི་རྩ་བ་མ་མོ་མཁའ་འགྲོ་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་མའི་ངོ་བོར་སྒྲུབ་པ་སྟེ། དེ་ལྟར་རྒྱལ་བ་ཞི་དང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་གུ་དྲག་སེང་གསུམ་གྱི་རྣམ་པར་སྒྲུབ་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཞེས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་དུ་འཕགས་པ་འདི་ཉིད་ནི་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ།

1550352422996533.jpeg

 དེ་ཡན་ཆད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བའི་ཚུལ་མདོ་ཙམ་ཞུས་ཟིན་ནས། ད་ནི་བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བའི་ཚུལ་ནི། ཕྲིན་སྒྲུབ་ཕྱག་བཞེས་ཀྱི་ཆུ་བོ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྒྱུན་མི་ཆད་པའི་ཕྱིར་སྒྲུབ་པའི་དངོས་གཞི་ཞག་བདུན་དུ་བྱེད་པ་འདིའི་དབང་དུ་བྱས་ན། ནུབ་དང་པོར་ཆོ་ག་སྔོན་དུ་འགྲོ་བའི་སྒོ་ནས། ཕྱི་མཚམས་རྒྱལ་ཆེན་སྡེ་བཞི་ལ་གཉེར་གཏད། ནང་མཚམས་དམ་སྲི་མནན་ནས་སྒོ་བྱང་ཕྱི་ནང་གདགས། སྲུང་མཚམས་མ་ཊཱཾ་བསྒྲལ་མནན་དང་ཁྲོ་བཅུ་རོལ་བས་མཚམས་བཅད། དཀྱིལ་འཁོར་རྒྱན་བཀོད་སོགས་གྲུབ་ནས་རྡོ་རྗེའི་མཆེད་ལྕམ་རྣམས་གྲལ་ལ་འཁོད་དེ་ཆོ་ག་གཞུང་བསྲངས་ནས་བསྙེན་པ་དངོས་ལ་འཇུག་པ་རྣམས་ནི་བསྙེན་པའི་ཡན་ལག །དེ་ནས་ཞག་གཉིས་ཀྱི་བར་དུ་སྣོད་བཅུད་རྒྱུད་གསུམ་སྦྱང་ཕྱིར་འོད་ཟེར་དཀར་པོའི་འཕྲོ་འདུས་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་སྦྱང་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱེད་པ་ཉེ་བསྙེན་གྱི་ཡན་ལག །དེ་ནས་ཞག་གསུམ་ལ་འོད་ཟེར་དམར་པོའི་འཕྲོ་འདུས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུ་བ། དྲེགས་ཚོགས་དབང་དུ་བསྡུས་ནས་ལས་ལ་བཀོལ་བ། སེམས་ཅན་གྱི་སྒྲིབ་པ་སྦྱོང་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་དེ་དངོས་གྲུབ་སྒྲུབ་པ་རྣམས་ནི་སྒྲུབ་པའི་ཡན་ལག །ཐུན་ཐ་མར་འོད་ཟེར་མཐིང་ཀས་དངོས་གྲུབ་བསྡུ་བའི་སྦྱོར་བས། ཐོ་རངས་ཀྱི་དུས་སུ་རང་དོན་དུ་དངོས་གྲུབ་ལེན་པ་དང་། དེ་རྗེས་གཞན་དོན་དུ་དབང་བསྐུར་བ་རྣམས་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ཡིན་ནོ།། དེ་ནས་རྩ་བའི་ཆིངས་གསུམ་པ་མཇུག་བསླབ་བྱ་བཅའ་སྒྲིག་གི་རྣམ་བཞག་བཤད་པ་ལ། སྤྱིར་དུས་དང་རྒྱུན་དུ་དམ་ཆོས་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པས་གཞི་བཟུང་། གཞན་ཕན་བྱང་སེམས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུས་ཁོག་དབུབ། གསང་སྔགས་ཕྱི་ནང་གིས་བསྡུས་པའི་དམ་ཚིག་རྡོ་རྗེའི་ར་བ་ལས་མི་འདའ་བ་དང་། ཁྱད་པར་དུ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་འདི་ལྟ་བུའི་སྐབས་སུ། སྒྲུབ་པ་ཆེན་པོའི་སྐབས་དམིགས་བསལ་སྲུང་དགོས་པའི་དམ་ཚིག་ཉི་ཤུ་ལ་ལྷག་པར་བསླབ་པའི་སྒོ་ནས་སྒོ་གསུམ་གྱི་བླང་དོར་མ་འཛོལ་བར་བྱ་བ་དང་། གདན་ས་ཆེན་པོ་འདི་ཉིད་ཀྱི་བསྟན་པ་ཡོངས་ཀྱི་བདག་པོ་གྲུབ་པའི་དབང་ཕྱུག་་རྫོགས་ཆེན་པདྨ་རིག་འཛིན་སྐུ་རབས་རིམ་བྱོན་ནས་ཐུགས་རྗེ་ཡས་སྤྲུལ་གྱི་སྐྱེས་ཆེན་བསྟན་པའི་མངའ་བདག་ད་ལྟའི་བར་དུ་རིམ་པར་བྱོན་པ་རྣམས་ཀྱི་བཀའ་ལུང་གསེར་གྱི་ཕྲེང་བ་ཚར་དུ་དངར་བའི་བརྗོད་དོན་བཅའ་སྒྲིག་གི་རྣམ་བཞག་ཐམས་ཅད་ཀྱི་ཐུགས་ལ་མངའ་བཞིན་པ་ལས། དམིགས་བསལ་ཞུ་དགོས་གལ་མི་ཆེ་རུང་། ཕྱོགས་མཚོན་ཙམ་དུ་སྨྲོས་ན། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས། སྐལ་བཟང་ཐར་ལམ་སྟོན་པའི་དེད་དཔོན། ཞེས་པ་ལྟར། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དམ་པའི་ཚུལ་དང་མཐུན་ཞིང་།  ཡ་རབས་ཀྱི་རྗེས་ཟིན་པའི་ཁ་མིག་གྱེན་བལྟས། སྒྲོག་རུས་འཕྲེད་བཅིང་གིས་དམ་པ་གོང་མའི་ཕྱག་བཞེས་ཀྱི་རྒྱུན་ལྟར། མགོ་ཞྭ་འགྲིགས། རྒྱབ་གོས་འགྲིགས། རྐང་ལྷམ་འགྲིགས། ཕྱག་རྡོ་དྲིལ་སོགས། སྒྲིག་ལམ་དང་མི་འགལ་བའི་ཡོ་བྱད་སྔར་ནས་ཇི་ལྟར་དར་བའི་ཕྱག་བཞེས་མཐོང་བ་བརྒྱུད་པའི་རང་ལུགས་མ་ནོར་བ་ཚགས་སུ་ཚུད་དགོས་པ་དང་། ཚོགས་གྲལ་དུ་དོན་མེད་ཀྱི་ངག་འཁྱལ་དང་། ཕྱི་ནང་ཀུན་ཏུ་རྩེད་མོ་ཧ་བགད། ཤེད་ངོམས་སྤར་འཛིང་། འཐབ་རྩོད་རྒྱུག་མཆོང་སོགས་སྒོ་གསུམ་ཆོས་འགལ་གྱི་བྱ་བ་ནམ་ཡང་བྱེད་མི་ཆོག་པ་དང་།  ཁྱད་པར་ཆོ་ག་འདོན་པའི་སྐབས་སུ། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ་ཞེས་པ་ལྟར་ཆོ་གའི་ཚིག་འབྲུ་རེ་རེ་བཞིན་དུ་དོན་ཟབ་མོ་རེ་དྲན་རྒྱུ་ཡོད་པས་དེ་དག་ཚིག་རྗེས་དོན་དྲན་བྱ་རྒྱུ་དང་། ཐུགས་དམ་གནད་སྐུལ་གསང་བ་སྔགས་ཀྱི་སྒོ། ཞེས་པ་ལྟར་བསྙེན་སྔགས་བཟླས་པའི་སྐབས་སུ་ཡང་། ལྷ་དང་སྔགས་ཀྱི་དེ་ཁོ་ན་ཉིད་མཉམ་པས་ན་སྔགས་ལྷར་ཤེས་པ་དང་། སྔགས་གཅིག་བཟླས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འགྲུབ་པས་སྔགས་དཀྱིལ་འཁོར་དུ་ཤེས་དགོས་པ་དང་། བཟླས་བརྗོད་འཕྲོ་འདུས་ཀྱིས་རྒྱལ་བ་ཐམས་ཅད་མཉེས་པས་སྔགས་མཆོད་པར་ཤེས་དགོས་པ། སྔགས་ཀྱིས་ཉམས་དང་རྟོགས་པ་བསྐྱེད་པས་སྔགས་བྱིན་རླབས་སུ་ཤེས་དགོས་པ། སྔགས་ལ་རྟེན་ནས་མཆོག་དང་ཐུན་མོང་གི་འགྲུབ་པས་སྔགས་དངོས་གྲུབ་ཏུ་ཤེས་དགོས་པ། སྔགས་ལ་རྟེན་ནས་ལས་རབ་འབྱམས་སྣ་ཚོགས་འགྲུབ་པས་སྔགས་ཕྲིན་ལས་སུ་ཤེས་དགོས་པ། སྔགས་ཀྱིས་དངོས་འཛིན་བཅོམ་ཞིང་སྐྱེ་མེད་དུ་གྲོལ་བས་སྔགས་ཆོས་ཉིད་དུ་ཤེས་དགོས་པ། སྔགས་ཀྱིས་ཉམས་ཆག་སྐོང་ཞིང་སྡིག་སྒྲིབ་སྦྱོང་བས་སྔགས་སྒྲིབ་སྦྱོང་དུ་ཤེས་དགོས་པ། སྔགས་ཀྱིས་འདོད་རྒུའི་རེ་བ་ཐམས་ཅད་སྐོང་བས་སྔགས་ཡིད་བཞིན་གྱི་ནོར་བུར་ཤེས་དགོས་པ་སྟེ། ཤེས་ཚུལ་རྣམ་པ་དགུའི་སྒོ་ནས་བཟླ་བ་དང་། ཁྱད་པར་དུ་གུ་རུ་རིན་པོ་ཆེ་ནི། གུ་རུ་ཉིད་ཀྱི་ཞལ་ནས། ང་སྒྲུབ་སངས་རྒྱས་ཐམས་ཅད་སྒྲུབ། །ང་འགྲུབ་སངས་རྒྱས་ཐམས་ཅད་འགྲུབ། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ནི་བདེ་གཤེགས་འདུས་པ་ཡིན། །ཞེས་དང་། ཤ་མེད་འོད་ཀྱི་གཟུགས་ཅན་ནི། །པདྨ་འབྱུང་གནས་སྐུ་རུ་སྒོམ། །དེ་དུས་ཆེ་བའི་ང་རྒྱལ་སྐྱེད། །སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ། །བྲག་ཁ་དག་ནས་ཆུ་འབབ་བཞིན། །དྲག་པོ་བར་མཚམས་མེད་པར་སྒྲོངས། །ང་ཉིད་རང་དབང་མེད་པར་འབྱོན། །ཨོ་རྒྱན་པདྨ་ང་ཉིད་ལ། །བློ་ནི་ཡང་ཡང་གཏད་པར་བྱ། །ཞེས་སོགས་གསུངས་པ་ལྟར། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཉིད་ནི་ཕྱོགས་དུས་སྲས་བཅས་རྒྱལ་བའི་སྤྱི་གཟུགས་ཡིན་ལ། ཨོ་རྒྱན་ཆེན་པོ་གཅིག་པུ་འགྲུབ་ན་རབ་འབྱམས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་པས་ན་དེ་ཉིད་བསྙེན་ཅིང་བསྒྲུབ་པ་གནད་དུ་ཆེ་བས། དེ་ཉིད་བསྙེན་ཅིང་སྒྲུབ་པའི་ཐབས་མ་ནོར་བ་གསང་སྔགས་ཡི་གེ་འབྲུ་བཅུ་གཉིས་པ་འདི་ཉིད་ནི། རང་ཅག་སྙིགས་མའི་འགྲོ་བ་སྐལ་བ་དམན་པ་སློབ་དཔོན་ཆེན་པོའི་ཞལ་མངོན་སུམ་དུ་མཇལ་བའི་སྐལ་བཟང་མ་ཐོབ་པ་རྣམས་རྗེས་སུ་བཟུང་བའི་ཆེད། སྐྱབས་ཀུན་འདུས་ཞལ་རྒྱལ་དབང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཉིད་གསང་བ་སྔགས་ཀྱི་རྣམ་པ་ཤར་བ་སྟེ། དེ་ཡང་ༀ་ཨཱཿཧཱུྃ་ཞེས་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས་ཏེ། བཛྲ་ནི་རྡོ་རྗེ་སྟེ་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པའི་ཆོས་སྐུ་དང་། གུ་རུ་ནི་ལྕི་བའི་དོན་ཏེ་ཁ་སྦྱོར་ཡན་ལག་བདུན་གྱི་ཡོན་ཏན་ལྕི་བ་དང་ལྡན་པའི་ལོངས་སྐུ། པདྨ་ནི་ལོངས་སྐུ་དེའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་གདངས་གསུང་པདྨའི་རིགས་སུ་ཤར་བའི་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོ་ཁྱེད་ཀྱིས། སིདྡྷི་སྟེ་དོན་དུ་གཉེར་བྱ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད། ཧཱུྃ་ཞེས་དུས་ད་ལྟ་ཉིད་དུ་བདག་ལ་སྩོལ་ཅིག་ཅེས་པའི་དོན་ཡིན་ནོ། འདིའི་སྔགས་ཀྱི་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་པ་ནི་ཆོས་ཉིད་ངོ་བོའི་གྲུབ་པ། སྔགས་ཀྱི་ཡི་གེ་དེ་དག་རང་རང་གི་ངོ་བོ་ཐུན་མོང་མིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ་ནི་ཆོས་ཅན་རང་བཞིན་གྱིས་གྲུབ་པ།དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་རྒྱལ་བོའི་ཐུགས་ཟག་མེད་ཀྱི་ཡེ་ཤེས་ཉིད་སྔགས་ཀྱི་རྣམ་པར་ཤར་ཞིང་། དེ་ཉིད་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པ་ནི་བྱིན་གྱིས་བརླབས་ཀྱིས་གྲུབ་པ། །སྨན་དང་ནོར་བུའི་ནུས་པ་བཞིན་དུ་སྔགས་དེ་དག་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་པ་མེད་པ་མི་བསླུ་བར་ཡོད་པ་ནི་ནུས་པའི་མཐུས་གྲུབ་པ་སྟེ། དེ་ལྟ་བུའི་གྲུབ་པ་བཞི་དང་ལྡན་པའི་གཟུངས་སྔགས་ཁྱད་པར་བ་འདིའི་ཟབ་མོའི་དོན་རྣམས་དྲན་བཞིན་དུ། དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། ཞེས་པ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་སྔགས་ཀྱི་འཁོར་ལོ་དང་འོད་ཟེར་སྤྲོ་བསྡུའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས། རབ་ཀྱིས་ལྷ་སྔགས་ཏིང་འཛིན་ཟུང་དུ་འབྲེལ་བས། བཟླས་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་གྱི་ཐུན་བཞིར་རྒྱུན་མི་ཆད་པར་མཛད་པ་དང་། འབྲིང་དང་ཐ་མས་ཀྱང་བསྐྱེད་རྫོགས་མོས་པ་ལམ་བྱེད་དང་།  ཁྱད་པར་དུ་འཇམ་དཔལ་རྩ་རྒྱུད་ལས། སྔགས་ལ་དད་པ་མེད་པས་ནི། །འབད་པ་དུ་མ་བྱས་གྱུར་ཀྱང་། །སྔགས་རྣམས་གྲུབ་པར་མི་འགྱུར་བས། །མ་རུངས་དམ་ཚིག་མི་བསྟན་ནོ། །ཞེས་པ་ལྟར་སྔགས་བཟླ་བ་ལ་དད་པ་གཙོ་ཆེ་བས། དད་དང་དག་སྣང་མོས་གུས་རྩེ་གཅིག་པས་རེས་བབས་ཀྱི་རྒྱུན་ཆགས་མེད་མཛད་དེ་གསོལ་འདེབས་ཀྱི་ཚུལ་དུ་སིདྡྷིའི་བཟླས་པ་ལ་རྒྱུན་དུ་བརྩོན་ན། ལུང་སྔ་མ་ལས། དད་པ་བརྟན་པོས་བསྒྲུབས་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ཞེས་གསུངས་པ་ལྟར་ཐུན་མོང་དང་ཐུན་མིན་གྱི་དངོས་གྲུབ་མཐའ་དག་མྱུར་དུ་འགྲུབ་ངེས་ཡིན་པ་ཐུགས་ལ་ངེས་གལ་ཆེ་བ་དང་།དེ་ནས་མཚོན་པ་བརྡ་རྟགས་ཕྱག་རྒྱ་གར་གྱི་སྒོ། ཞེས་པ་ལྟར། ལྷ་ཡེ་ཤེས་པའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་ཅི་རིགས་པར་མཚོན་པར་བྱེད་པའི་ལག་པས་ཕྱག་རྒྱ་བཅའ་བ་དེ་ཡང་། ཐལ་སྦྱར་དང་རྡོར་ཐལ་ལམ། རྡོ་རྗེའི་ཁུ་ཚུར་ལྟ་བུའི་ཕྱག་རྒྱའི་གཞི་ལ་རྟེན་ནས། ཞི་བ་དང་ཁྲོ་བོའི་ལྷ་རྣམས་རང་རང་གི་རྩ་བའི་ཕྱག་རྒྱ་དང་། སྤྱན་འདྲེན་པ་དང་དབང་བསྐུར་བ་མཆོད་པ་འབུལ་བ་ལ་སོགས་པ་ཡན་ལག་གི་ཕྱག་རྒྱའི་རིམ་པ་རྣམས་པད་སྐོར་དང་གར་པད་སྔོན་དུ་འགྲོ་བས་མཛེས་པར་བསྒྱུར་ཞིང་ཉམས་དང་ལྡན་པར་བཅའ་ཞིང་། མཐར་སེ་གོལ་གྱི་སྒྲ་དང་བཅས་པས་དཀྲོལ་བ་སོགས་ལ་དགོས་གནད་ཁྱད་པར་ཅན་ཡོད་པ་ཤེས་པའི་སྒོ་ནས། ལེ་ལོ་རྣམ་གཡེང་གི་དབང་དུ་མི་གཏོང་བར་ནན་ཏན་བྱ་དགོས་ལ། ཁྱད་པར་དུ་དབྱངས་རོལ་གར་འཆམ་སོགས་སྤྲོས་བཅས་ཀྱི་ཕྱག་ལེན་འདི་རྣམས་ནི་རང་བཞིན་མཚར་འདོད་ཀྱིས་བྱས་པ་ལྟ་བུ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་ལས་ཀྱང་། ཁྱིམ་བདག་མ་དད་པ་རྣམས་དད་པར་བྱ་བ་དང་། དཀོན་མཆོག་གསུམ་མཆོད་པའི་དོན་དུ་དབྱངས་ཀྱི་ང་རོ་བྱའོ་ཞེས་གསུངས་པ་དང་། སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་ཡང་ཨོ་རྒྱན་ཆེན་པོས། གཏེར་དུ་སྦས་པའི་གསང་སྔགས་ཆོ་ག་རྣམས། །བོན་གྱེར་མི་བྱ་ཚིག་དང་དོན་དུ་བསྡེབ། །འུར་ཀློག་མི་བྱ་སྙན་པའི་དབྱངས་ཀྱིས་བརྗོད། །ཅི་ཕྱིར་ཞེ་ན་གསང་སྔགས་གྱེར་ཞིང་བསྒོམ། །ཞེས་དང་། དེ་ཕྱིར་དབྱིངས་ཀྱིས་བསྒྲུབ་པས་དངོས་གྲུབ་སྟེར། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། རྟ་དབྱངས་གདངས་ཀྱིས་བརྒྱན་དེ་ཆོ་གའི་ཚིག་དལ་བུར་འདོན་པ་དང་ཆབས་ཅིག་དོན་གསལ་འདེབས་དགོས་པ་ཡིན་པས། རྟ་དབྱངས་གདངས་གསུམ་ནི་ཧ་ཅང་གལ་ཆེ་ལ། དེ་དག་ཀྱང་གང་དྲན་བྱང་རྒྱལ་མ་ཡིན་པར། ཡེང་བ་སོགས་བློ་ཡི་སྐྱོན། ཟུར་མ་ཕྱིན་པ་སོགས་ཚིག་གི་སྐྱོན། འཕེལ་འགྲིབ་སོགས་གདངས་ཀྱི་སྐྱོན། ཡ་ཡོ་སོགས་ལུས་ཀྱི་སྐྱོན། མི་འགྲིགས་པ་གྲོགས་ཀྱི་སྐྱོན། སྨྲ་དགོད་སོགས་ཉན་པ་པོའི་སྐྱོན་ཏེ་སྐྱོན་དྲུག་དང་བྲལ་ཞིང་། ཡོན་ཏན་གྱི་ཁྱད་པར། རིང་ཡང་མགོ་ལུས་འཚམ་པ་དང་། ཐུང་ཡང་ཡན་ལག་རྫོགས་པའོ། །བརྗིད་དང་ལྡན་ཡང་སྒེག་ཆགས་པ། །སྙན་ཡང་རུས་པ་མ་ཤོར་དང་། །སྐད་གཅིག་ང་རོ་དུ་མས་བརྒྱན། །མཁས་པའི་ཡིད་འཕྲོག་ཀུན་གྱིས་བསྔགས། །དགྲ་བགེགས་འབྱེར་ཞིང་དངོས་གྲུབ་འདུ། །འདི་ལས་བདེན་འབྲས་འབྱུང་བར་ངེས། །ཞེས་གསུངས་པའི་མཚན་ཉིད་བདུན་དང་ལྡན་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་འཆུག་པ་མཛད་དགོས་པ་དང་། དེ་བཞིན་སློབ་དཔོན་སངས་རྒྱས་གཉིས་པས། །གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ། །ཞེས་གསུངས་པས་གསང་སྔགས་ཀྱི་ཆོ་ག་གྱེར་བའི་སྐབས་དགོས་གལ་ཆེ་བའི་རོལ་མོ་བརྡུང་ཚུལ་ཡང་། སྤྱིར་གྱི་རོལ་མོ་གང་དཀྲོལ་ཡང་། །དམ་དུ་བརྡུང་བར་མི་བྱ་ཞིང་། །བྲང་ལག་མི་སྦྱོར་མན་ངག་ཡིན། །དབྱུག་པ་ལྟ་བུར་མི་ཕྱར་ཞིང་། །ཀ་བ་ལྟ་བུར་བསྲང་མི་བྱ། །ཞེས་པ་ལྟར་རོལ་སིལ་རྣམས་ལག་པས་དམ་དུ་མི་བཟུང་ཞིང་། བྲང་ལག་སྦྱར་བ་དང་དབྱུག་པ་ཕྱར་བ་ལྟ་བུར་མི་བྱ་བར། དཔུང་པ་ལག་ངར་ཚིགས་ནས་ལྷོད། །ལག་པའི་མཐིལ་ནས་འཕྲུལ་ཆགས་ལྷོད། །རང་ལྗིད་ཁོ་ནས་སྒྲ་བསྐུལ་གྱིས། །འདབ་མའི་རྩེ་མོའི་རྩལ་གྱིས་མིན། །ཞེས་གསུངས་པ་ལྟར་དཔུང་པ་དང་ལག་ངར་དང་ལག་མཐིལ་རྣམས་ལྷོད་ཆགས་པས་རོལ་སིལ་རང་རང་གི་ལྗིད་དབབ་པ་ཙམ་ལས་ཤེད་ཕྱུང་ནས་འདབ་རྩེ་རེག་པ་ཁོ་ནས་བརྡུང་ན་མི་ལེགས་ལ། རྔ་རྡུང་ཚུལ་ཡང་། རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུགས། །རི་རབ་གླིང་བཞིའི་མཐའ་མི་སྐོར། །རི་ཐང་མཚམས་ཀྱི་བྲག་མི་བཤིག །རི་དྭགས་རྒྱལ་པོའི་གདོང་མི་བསྣུན། །ཞེས་པ་ལྟར་རྔ་ཡི་དཀྱིལ་དང་ཟུར་གདོང་ལ་མི་བསྣུན་པར། །ཚུལ་བརྒྱད་འོག་ངོས་མཁྱིད་གང་བོར། ། རྔ་གཡོག་རང་ལྗིད་ཉིད་ཀྱིས་ནི། །བསྐུལ་མ་ཐག་ཏུ་སོ་སོར་ཕྲལ། །ཞེས་པ་ལྟར་རྔ་ཆེ་ཆུང་ལྟར་གྱི་དཀྱིལ་ནས་འོག་ཏུ་མཁྱིད་གང་ངམ་སོར་ཁ་ཤས་གཞལ་བའི་སར། རྔ་གཡོག་གམ་རྔ་ཐིལ་གྱི་བརྗིད་ཀྱིས་བསྣུན་མ་ཐག་རྔ་དང་ཕྲལ་ཏེ་བརྡུང་དགོས་པ་དང་། བྱེ་བྲག་སྒྲིག་རྔ་བཟུང་བ་དང་བརྡུང་ཚུལ་ནི། རང་གི་ཐོད་པའི་གདོང་དང་པུས་མོའི་གདོང་དང་རྔ་ཡི་གདོང་སྟེ་གདོང་གསུམ་སྤྲད། དཔུང་པ་དང་ལག་ངར་དང་ལག་མཐིལ་གསུམ་པོ་ལ་ལྷོད་ཕབས་སྟེ་ལྷོད་གསུམ་དང་ལྡན་པའི་སྒོ་ནས། མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་རྔ་དཔོན་ལ་འཁྲི་ནས་བརྡུང་དགོས་པ་སྟེ། གྲལ་ལ་བསྒྲིགས་ཏེ་བརྡུང་བ་ན། །ཕན་ཚུན་གཅིག་གིས་གཅིག་ནོན་ཙམ། །ནོར་བུ་བསྟར་ལ་བརྒྱུས་པ་ལྟར། །མཐོ་དམན་འབུར་ཁྱད་སྤང་བར་བྱ། །སྙོམས་ཤིང་མཛེས་པར་བསྟར་ལ་བསྒྲིགས། །ཞེས་པ་ལྟར་ནོར་བུ་བསྟར་ལ་བརྒྱུས་པའམ། གཅིག་གིས་གཅིག་མ་ནོན་པའི་ཟླ་བ་ཕྱེད་པ་ལྟར་མཐོ་དམན་འབུར་ཁྱད་མེད་པར་བཟུང་ནས་ཞི་རྒྱས་དབང་དྲག་སོ་སོའི་ཉམས་དང་ལྡན་པར་བརྡུང་དགོས་པ་ཡིན་ནོ།།

1550352628479954.jpeg

༑ འཆམ་ནི་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་ལས་བཤད་ཅིང་དགོན་གནས་ཐམས་ཅད་ལ་ཇི་སྙེད་ཡོད་པ་ཀུན་སྤྱིར་གར་གྱི་ཉམས་དགུ་དང་ལྡན་ཞིང་། ཁྱད་པར། ལུས་ཀྱི་སྟོད་ལ་སེང་ཆགས་དང་། །སྐེད་པ་ལ་ནི་འཁྲིལ་ཆགས་དང་། །ཚིག་བཞི་ལ་ནི་འཕྲུལ་ཆགས་དང་། །བཞག་ཤ་ལ་ནི་ལྷོད་ཆགས་དང་། །ཤ་འགྱུར་ལ་ནི་མེར་ཆགས་དང་། །རྣམ་འགྱུར་ལ་ནི་འགྱིང་ཆགས་དང་། །སྤྱོད་པ་ལ་ནི་དལ་ཆགས་དང་། །སྒྱིད་པ་ལ་ནི་ལྡེམ་ཆགས་དང་། །རྐང་མགོ་ལ་ནི་བདེ་ཆགས་དང་། །ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པའོ། །ཞེས་དང་། འཇིགས་ཤིང་རྔམས་པའི་གར་དག་ལ། །ཧ་ཅང་གསོར་ན་སྐྱོན་ཡིན་ནོ། །འགྱིང་ཞིང་གཉེན་པའི་གར་རྣམས་ལ། །ཧ་ཅང་བཅོས་ཆུང་སྐྱོན་ཡིན་ནོ། །འཁྱུག་ཅིང་བདེ་བའི་གར་རྣམས་ལ། །ཧ་ཅང་རྟབ་རྟོབ་སྐྱོན་ཡིན་ནོ། །དལ་ཞིང་ལྷོད་པའི་གར་རྣམས་ལ། །ཧ་ཅང་སྒྱིད་ལུག་སྐྱོན་ཡིན་ནོ། །སྒེག་ཅིང་ཆགས་པའི་གར་རྣམ་ལ། །ཧ་ཅང་བསྒྱུར་ན་སྐྱོན་ཡིན་ནོ། །ཞེས་པའི་སྤང་བླང་གི་ཁྱད་པར་རྣམས་མ་ནོར་བར་བྱ་དགོས་པ་དང་། བྱེ་བྲག་རང་རང་གི་ལུགས་སྲོལ་འཁྲུལ་མེད་རྩ་བའི་ཁུངས་གང་ཡིན་ལྟར་བྱ་དགོས་པས། སྐབས་འདིར་དུས་མཆོད་བུམ་སྒྲུབ་ཆེན་མོའི་རྗེས་འབྲེལ་གྱི་ཚེས་བཅུའི་གར་འཆམ་ཆེན་མོ་འདི་ཉིད་ནི། སྤྲུལ་པའི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་དག་པའི་སྣང་བར་ཟངས་མདོག་དཔལ་རིར་སློབ་དཔོན་ཆེན་པོའི་སྤྱན་སྔར་ལན་གཉིས་སུ་བྱོན་ནས། ཇི་ལྟར་མཇལ་ཞིང་རྗེས་སུ་གདམས་པ་སྩལ་པའི་དོན་མ་ནོར་གཏན་ལ་ཕབ་པའི་རྒྱུན་ལ། རྟ་དཀར་མ་དང་ཞ་ནག་མ་ཞེས་ལུགས་གཉིས་ཡོད་པའི་ཕྱི་མ་ཞ་ནག་མའི་ལུགས་གཞིར་བཟུང་བ། ཆོས་ཀྱི་རྒྱལ་པོ་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་བརྒྱུད་པའི་ཕྱག་བཞེས་རྨ་མེད་སྤྲོས་བཅས་ཚེས་བཅུའི་གར་འཆམ་ཆེན་མོ་འདི་ཉིད། གང་བྱུང་སླ་ཆོས་དང་དེས་ཆོག་གི་དབང་དུ་མི་གཏོང་བར། རང་ཚུགས་མ་ཤོར་བར་མཛད་ན་སྤྲོས་བཅས་ཚེས་བཅུའི་གར་འཆམ་ཆེན་མོ་འདི་ཉིད་ཐ་ན་དུད་འགྲོ་ཡན་ཆོད་གང་གིས་མཐོང་ཚད་སློབ་དཔོན་ཆེན་པོའི་གདུལ་བྱར་འགྱུར་བའི་ཕན་ཡོན་དང་ལྡན་པར་རྗེས་སུ་བསྔགས་པ་ཡིན་པས། རྣམ་པ་ཡོངས་ཀྱིས་དེ་ལ་བརྩོན་པས་འབད་གལ་ཆེ་བ་དང་། དེ་བཞིན་དུ་གཏོར་མའི་བཟོ་སྲོལ་སོགས་ཀྱང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཕན་ཡོན་དང་དགོས་ཆེད་དུ་མས་ཁྱད་པར་དུ་བྱས་པ་ཡིན་པས། སྔར་ཡོད་དམ་པ་གོང་མའི་གནའ་བོའི་ཕྱག་བཞེས་མ་ཉམས་གཞིར་བཞག་ནས། བཀའ་དང་གཏེར་གཞུང་དག་དང་མ་འགལ་བའི་ཐོག་གསར་གཏོད་རང་བཞིན་གྱི་ཁྱད་ཆོས་ཡོད་དགོས་པ་ལས། རྒྱུ་མཚན་མེད་པའི་གནའ་སྲོལ་ལ་ཨུ་ཚུགས་འཁྲེགས་འཛིན་དང་།  ཨ་གསར་ཀླད་ཡང་གིས་འདི་བས་འདི་ལེགས་སྨྲས་ཏེ་རྒྱུ་མཚན་མེད་པར་གཞན་ལུགས་དང་ལེན་གཉིས་ཀ་སྐྱོན་ཡིན་པས། རྒྱུ་མཚན་མེད་པར་གཞན་རྗེས་འབྲང་ན་རང་ལུགས་ཀྱི་རྐང་མ་ཟིན། གཞན་ལུགས་ཀྱི་ཟླ་མ་སྙོགས། བསྟན་པའི་བླ་འཚོང་དང་རྐང་འདྲེན་གྱི་རྒྱུར་འགྱུར་བས། ཀུན་གྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་སྔོན་སྲོལ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱིས་བསྟན་པའི་མིག་རྒྱན་དང་ཞབས་ཏོག་ཏུ་གང་འགྲོ་མཛད་གལ་ཆེ། ན་བཟའ་སྐུ་ཆས་གཟབ་འཆོར་སོགས་ཀྱང་གནའ་ནས་གནང་སྲོལ་ཡོད་པ་བཞིན། འདི་སྒེག་ཆོས་དང་ངོམ་འཆོས་ཙམ་མ་ཡིན་པས་དཀོན་མཆོག་མཆོད་པའི་ཡོ་བྱད་དུ་ལེགས་པར་བསྟར་ན། གཞན་དང་བ་འདྲེན་ཞིང་། རང་གི་བསོད་ནམས་ཀྱི་ཚོགས་རྫོགས། རང་ལུས་ཕུང་ཁམས་སྐྱེ་མཆེད་གདོད་ནས་གདན་གསུམ་ཡོངས་རྫོགས་ལྷའི་འཁོར་ལོར་གནས་པའི་ཚུལ་ཤེས་ཤིང་། ཞེན་པ་མེད་པར་ལོངས་སྤྱོད་ན་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་རྒྱུའི་སྤྱོད་པ་བླ་ན་མེད་པར་འགྱུར་བ་ཡིན་པས་ཀུན་གྱིས་དེ་བཞིན་དུ་གནང་གལ་ཆེ་བ་ཡིན་ནོ། །

དེ་ལྟར་གནང་ན་དཀོན་མཆོག་ལ་དམིགས་པའི་ལས་ནི་ནམ་ཡང་བྱས་པ་ཆུད་མི་ཟ་ཞིང་འབྲས་བུ་རྒྱ་ཆེན་པོ་སྐྱེད་པ་ཡིན་ལ། ཁྱད་པར་སྒྲུབ་ཆེན་འདི་ལྟ་བུ་ལ་འབྲེལ་བ་ཅུང་ཟད་ཐོགས་པ་རྣམས་ཀྱང་བྱང་ཆུབ་ཀྱི་ས་བོན་རྒྱུད་ལ་ཐེབས་པར་འགྱུར་ཏེ། བྱང་གཏེར་དྲག་པོ་ཐུགས་ཀྱི་སྒྲུབ་སྐོར་ལས། དད་ལྡན་སྣོད་ལྡན་གང་ཟག་ལ། །རྩེ་གཅིག་སྒོམ་པའི་སྐལ་མེད་ན། །མཐོང་ངམ་ཐོས་སམ་རེག་པ་ཡིས། །བྱང་ཆུབ་ལམ་ལ་བགྲོད་པའི་ཐབས། །འདི་ཉིད་ཡིན་ནོ་ཉམས་སུ་ལོངས། །ཞེས་གསུངས་པ་ལྟར་འདི་ལྟ་བུའི་སྒྲུབ་པ་ཟབ་མོ་ལ་འབྲེལ་བ་ཐོབ་པ་ནི་མི་ལུས་དོན་དང་ལྡན་ཞིང་། ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང་། ཕྱི་མ་དག་པའི་ཞིང་ཁམས་རྔ་ཡབ་དཔལ་གྱི་རི་བོར་པདྨ་འོད་ཀྱི་ཕོ་བྲང་དུ། བདག་ཅག་དད་དམ་གཅིག་ཏུ་འབྲེལ་བའི་སྟོན་འཁོར་ཐམས་ཅད་ཚོམ་བུ་གཅིག་ཏུ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀའ་ཚད་མ་ཡིན་པས། ཀུན་གྱིས་ཐུགས་ལ་ངེས་པར་མཛད་ནས་དགའ་བ་དང་སྤྲོ་བ་ཚད་མེད་པའི་ངང་ནས་བརྩོན་པར་བྱས་ན། རང་གཞན་གཉིས་དོན་དུ་འགྱུར་བས་དེ་ལུགས་ཀུན་གྱིས་ཐུགས་ལ་གཞག་པར་ཞུ་ཞུ། །

གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་གོང་མ་དག་གི་གསུངས་ལ་གཞིར་བྱས་ནས་རང་ལ་ཉེར་མཁོའི་ཆེད་ཅུང་ཟད་སྤྲོས་པས་བརྒྱན་ཏེ་རྫོགས་ཆེན་མཁན་སྤྲུལ་མིང་འཛིན་པ་ཨོ་རྒྱན་རིག་འཛིན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

 རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།